དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཟམ་མི་ཆད་པར་ཚབས་ཇེ་ཆེར་འགྲོ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-07

    འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པར། ཨ་ཧྥུ་ཀ་ནི་སི་ཐན་དུ་མི་ཁྲི་1740ལ་འབྲུ་རིགས་དགོས་མཁོ་ཤིན་ཏུ་ཆེན་པོ་ཡོད། སྒྲིག་གཞི་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཉིན་བཞིན་ཚབས་ཇེ་ཆེར་འགྲོ་བའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་དོ་ཁུར་ཆེན་པོ་བྱ་རྒྱུའི་རེ་འབོད་བྱས་པ་རེད།

    ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་འབོར་ཁྲི་5200ལས་བརྒལ་བའི་ནང་ལོ་18མན་གྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་45%ཙམ་ཡོད་ཅིང་། ལོ་བསྟུད་མར་འབྲུ་རིགས་མི་འདང་བའི་དབང་གིས་ས་གནས་དེ་གའི་བྱིས་པ་འབོར་ཆེན་ལ་བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བའི་དཀའ་ངལ་འཕྲད་ཡོད། ཉེ་ཆར་རྒྱལ་སྤྱིའི་རོགས་སྐྱོབ་བྱིས་པ་ལྷན་ཚོགས་ཨ་ཧྥུ་ཀ་ནི་སི་ཐན་ཡན་ལག་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་དུ་བྱིས་པ་ཁྲི་900ལྷག་ཙམ་བཀྲེས་ལྟོགས་ཀྱིས་མནར་བ་དང་ན་ནིང་མི་ཁྲི་769ཙམ་ཟིན་གྱི་ཡོད།

    ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་འབོར་80%ལྷག་ཙམ་ཞིང་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། དམག་འཁྲུག་གི་ཟིང་ཆ་ལངས་པ་དང་། ཐན་པ་བསྟན་པ། དེ་བཞིན་རྨང་གཞིའི་སྒྲིག་བཀོད་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞིང་ལས་ཐོན་འབབ་དམའ་ཞིང་། མི་འབོར་ཡོངས་འཚོ་ཐབས་གཏན་ནས་ཐུབ་ཀྱི་མེད། ཨ་ཧྥུ་ཀ་ནི་སི་ཐན་ཞིང་ལས་པུའི་སྙན་ཞུ་གསར་ཤོས་ལ་གཞིགས་ན། 2025ལོར་ཨ་ཧྥུ་ཀ་ནི་སི་ཐན་དུ་གྲོ་བརྔ་བསྡུ་བྱེད་ཚད་ཏུན་ཁྲི་454ཟིན་མོད། འོན་ཀྱང་རྒྱལ་ཁབ་དེར་ལོ་རེར་གྲོ་མཁོ་ཚད་ཏུན་ཁྲི་687ཟིན་གྱི་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་ལས་ཁང་གི་འབྲེལ་ཡོད་སྙན་ཞུའི་ནང་འཁོད་པར། 2026ལོ་ནི་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཞིང་ལས་ལ་ཐན་སྐྱོན་བསྟུད་མར་བྱུང་བའི་ལོ་དྲུག་པ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ས་འོག་ཆུའི་གནས་ཚད་དེ་ལོ་རྒྱུས་ཀྱི་གྲངས་གཞི་དམའ་ཤོས་ཀྱི་30%ཡི་བར་མཚམས་སུ་གནས་པ་དང་ས་ཁུལ་ཁ་ཤས་སུ་ཐ་ན་5%ཡི་བར་མཚམས་སུ་ཆག་གི་ཡོད། 2025ལོར་ཨ་ཧྥུ་ཀ་ནི་སི་ཐན་གྱི་བྱང་རྒྱུད་དང་ནུབ་རྒྱུད་དུ་ཉུང་མཐར་ཡང་ཞིང་ཆེན་12དང་ཞིང་དུད་ཁྲི་340ལ་ཐན་སྐྱོན་ཕོག་ཡོད། ཆུ་དཀོན་པའི་དབང་གིས་ས་གནས་དེ་གའི་ཞིང་ལས་ཐོན་སྐྱེད་དང་འབྲོག་ལས་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་དེ་གྲོང་གསེབ་ཀྱི་ཡོང་སྒོ་ཇེ་ཉུང་དུ་སོང་ཡོད།

    དབུས་ཤར་དམག་འཁྲུག་གི་ཤུགས་རྐྱེན་ཐེབས་ནས་ཨ་ཧྥུ་ཀ་ནི་སི་ཐན་དང་དབྱི་རན་བར་གྱི་རྒྱལ་མཚམས་སྒྲོལ་བའི་དངོས་ཟོག་སྐྱེལ་འདྲེན་ལམ་བུ་ཤར་གཏོང་མ་ཐུབ་པ་དང་། ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་བར་ལའང་དམག་དོན་གདོང་གཏུག་ཡང་ཡང་བྱུང་ནས་རྒྱལ་ཁབ་གཉིས་པོའི་མཐའ་མཚམས་འགག་སྒོ་མང་ཆེ་བ་སྒོ་རྒྱག་དགོས་བྱུང་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདི་ལོའི་ཟླ་3པར་ཁྱབ་བསྒྲགས་བྱས་པའི་ཚོད་སྐོར་སྙན་ཞུར་གཞིགས་ན། ཨ་ཧྥུ་ཀ་ནི་སི་ཐན་གྱིས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཆུང་དུ་གཏོང་བར་ཉུང་མཐར་ཡང་ཨ་སྒོར་དུང་ཕྱུར་17.1གི་རོགས་སྐྱོར་དགོས་པ་དང་མིག་སྔར་10%ཙམ་ལས་གྲབས་གསོག་ཐུབ་མེད། 2021ལོར་ཨ་རིའི་དམག་དཔུང་ཨ་ཧྥུ་ཀ་ནི་སི་ཐན་ནས་ཕྱིར་འཐེན་བྱས་རྗེས། ཨ་རིས་ཨ་ཧྥུ་ཀ་ནི་སི་ཐན་ཀྲུང་དབྱང་དངུལ་ཁང་གི་ཨ་སྒོར་དུང་ཕྱུར་70རི་བའི་ཕྱི་རྒྱལ་གྱི་རྒྱུ་ནོར་བསྡམས་བཅད་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་རིགས་གཅིག་མཁས་ཅན་གྱིས་ཨ་རི་སྲིད་གཞུང་ལ་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་ཆོས་རིང་ལུགས་ཀྱི་དུས་བབ་ཛ་དྲག་པོར་ཚོད་སྐོར་ནན་ཏན་བྱས་ཏེ། བསྡམས་བཅད་བྱས་པའི་ཨ་ཧྥུ་ཀ་ནི་སི་ཐན་ཀྲུང་དབྱང་དངུལ་ཁང་གི་ཕྱི་རྒྱལ་གྱི་རྒྱུ་ནོར་གང་མགྱོགས་གློད་རྒྱུའི་རེ་འབོད་སྔར་ལས་ལྷག་པ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།