རྒྱལ་ཁབ་རིམ་པའི་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱིས།
ཚན་ཞིབ་ཀྱི་གྲངས་གཞིར་བརྟེན་ནས་རི་རྩེའི་འགྱུར་ལྡོག་ཟིན་ཐོར་བཀོད་པ།

འདི་ནི་རྒྱལ་ཁབ་རིམ་པའི་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ།
དབྱར་ཟླ་ལྔ་པ་ཤར་རུང་གངས་དཀར་གོས་བཟང་གིས་བཀླུབས་པའི་ཇོ་མོ་གླང་མར་སྔར་བཞིན་གྲང་རླུང་འུར་འུར་དུ་ལྡང་བཞིན་ཡོད། ས་བབ་སྨི་5000ལྷག་ཙམ་ཡོད་པའི་རྒྱལ་ཁབ་རིམ་པའི་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་ལིའུ་ཀྲི་མིང་གིས་ལས་དོན་པའི་སྣེ་ཁྲིད་དེ་དཀའ་ཚེགས་ཆེན་པོས་འཛེག་བཞིན་ཡོད།
ལིའུ་ཀྲི་མིང་ནི་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡིན་ཞིང་། ཁོང་གིས་ན་སོ་གཞོན་པའི་མི་དམངས་ཉེན་རྟོག་པ་ཁ་ཤས་ཁྲིད་དེ་ལྟེ་བའི་ཁུལ་དུ་སྐོར་གཡེང་ལ་སྐྱོད་སྐབས་རྒྱབ་ཏུ་ཡང་ཡང་ལྟ་གིན“ག་ལེར་ཤོག བརྟན་པོ་བྱེད་དགོས”ཞེས་མངགས་བཅོལ་ཡང་ཡང་བྱེད་བཞིན་མཆིས།
“ལོ་ལྟར་ཡུལ་སྐོར་བ་ཁག་གཅིག་གིས་དབྱེ་མཚམས་བརྒལ་ནས་སྒྲིག་འགལ་ངང་ཇོ་མོ་གླང་མའི་ལྟེ་བའི་ཁུལ་དུ་ཡོང་གི་འདུག ང་ཚོས་ལྟ་སྐུལ་ཚོད་འཛིན་དང་སྐོར་གཡེང་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་སྟེ་ཇོ་མོ་གླང་མའི་ལྟེ་བའི་ཁུལ་དུ་ཡུལ་སྐོར་བ་གཏོང་གི་མེད”ཅེས་ལིའུ་ཀྲི་མིང་གིས་བཤད།
ཇོ་མོ་གླང་མའི་ཁུལ་གྱི་ཁོར་ཡུག་ལ་གཏོར་སྐྱོན་ཕོག་སླ་བས་མིའི་རིགས་ཀྱི་འགྲོ་སྐྱོད་སྡོད་གསུམ་གྱི་རྗེས་ཤུལ་ལོ་མང་སོང་ན་མ་གཏོགས་མེད་པར་འགྱུར་གྱི་མེད། ཁོར་ཡུག་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། ད་ཆ་ལྟེ་བའི་ཁུལ་དུ་སྔ་ས་ནས་ཡུལ་སྐོར་བ་གཏོང་གི་མེད། ཇོ་མོ་གླང་མའི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱ་ཆེད། རང་རྒྱལ་གྱིས་1988ལོར་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཤིང་། དེ་གའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་3.38ཡོད་ལ། དེ་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་ས་བབ་ཀྱི་བར་ཁྱད་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད། དེས་གཙོ་བོ་རི་མཐོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་ཀྱི་ཡོད། 1994ལོར་ཇོ་མོ་གླང་མ་སྲུང་སྐྱོང་ཁུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རིམ་པ་སྤར་བ་དང་། 2005ལོར་འཛམ་གླིང་སྐྱེ་དངོས་མུ་ཁྱུད་སྲུང་སྐྱོང་ཁུལ་དུ་བཅུག་ཡོད།
ཇོ་མོ་གླང་མ་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་ས་ཁོངས་ཀྱི་མཚོན་བྱེད་རང་བཞིན་གྱི་སྐྱེ་ཁམས་མ་ལག་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་བཞིན་ཡོད་ཅིང་། དེའི་ནང་རྩ་ཆེ་ལ་སྟོངས་ཉེའི་དངོས་རིགས་ཀྱི་རྒྱུད་འཕེལ་ཁུལ་དང་། འཚོ་སྡོད་ཁུལ། དུས་བྱ་གནས་སྤོ་བྱེད་སའི་མཚོ་མཚེའུ་གལ་ཆེན་དང་འདམ་ར། དེ་བཞིན་ཚན་ཞིབ་དང་ཡུལ་སྐོར་གྱི་རིན་ཐང་གལ་ཆེན་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ས་གཤིས་རྗེས་ཤུལ། སྐྱེ་དངོས་ཀྱི་འགྱུར་རྡོ་བཅས་ཚུད་ཡོད།
ཇོ་མོ་གླང་མའི་སྒར་ས་ཆེན་པོ་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་ལུང་གཞུང་དུ་ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་རླུང་ཁམས་ཆེ་མོ་དང་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་ཡོད།
ས་ཚིགས་དེ་ཐོག་མར་གུར་ནང་བཙུགས་ཡོད་པ་དང་། ད་ཆ་རྒྱལ་ཁབ་ཀྱི་ཕྱི་རོལ་ཚན་རིག་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་སུ་འཕེལ་རྒྱས་ཕྱིན་ནས་གནམ་གཤིས་མཐོ་ལྕོག་དང་རང་འགུལ་གནམ་གཤིས་ས་ཚིགས་སོཌ་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་ཡོད། དེ་གར་ལས་ཀ་ལོ་བཅུ་ལྷག་ཙམ་བྱས་པའི་ཀྲན་ཀྲང་མཱ་ཝུའེ་ཆང་དང་ལས་རོགས་ཚོས་དཔྱད་ཆས་འཁོར་སྐྱོད་བྱེད་ཚུལ་ལ་དུས་བཀག་ལྟར་ཞིབ་བཤེར་དང་གྲངས་གཞི་ཕབ་ལེན་བྱས་ནས་ཐོག་མའི་དབྱེ་ཞིབ་བྱེད་ཀྱི་ཡོད།
2022ལོར་མཱ་ཝུའེ་ཆང“རི་རྩེའི་འཁྲི་འགན”ཞེས་པའི་ཇོ་མོ་གླང་མའི་ཚན་རིག་རྟོག་ཞིབ་ལ་ཞུགས་ཤིང་། སྐབས་དེའི་ཚན་རིག་རྟོག་ཞིབ་བྱེད་རིང་། ཚན་རིག་རྟོག་ཞིབ་ཚོགས་པས་སྐས་ཚད་དྲ་སྦྲེལ་གྱི་རི་རྩེའི་ལྟ་ཞིབ་ཚད་འཇལ་ས་ཚིགས་ཐོག་མར་བསྐྲུན་པས། ཇོ་མོ་གླང་མའི་རྩེ་མོའི་གྲངས་གཞི་དུས་ཐོག་ཏུ་སྐུར་ཐུབ་པ་བྱུང་ཡོད་ལ། གནད་ལ་འཁེལ་ཚད་མཐོ་བའི་རེག་བརྡས་རི་རྩེའི་གངས་འཁྱགས་ཀྱི་མཐུག་ཚད་ལ་ཚད་འཇལ་ཐོག་མར་བྱས་པས་ངོས་གཤག་གྲངས་གཞི་ཁ་གསལ་ཐོབ་ཡོད་པ་རེད།
དེང་སྐབས་གནས་འདི་ཇོ་མོ་གླང་མའི་ས་ཁོངས་སྐྱེ་ཁམས་ལ་རྟོག་ཞིབ་བྱེད་སའི་འདེགས་སྐྱོར་ལས་སྟེགས་ཤིག་ཏུ་གྱུར་ཡོད། དེ་ཡང་ཚན་རིག་མཁས་ཅན་མང་པོས་དེ་གར་འཚོལ་ཞིབ་ཐིག་ལེན་གྱི་སྒྲིག་ཆས་བསྒར་བ་དང་ཚོད་ལྟའི་གྲངས་གཞི་བསྡུ་རུབ་བྱས་ཏེ། ཇོ་མོ་གླང་མའི་ས་ཚིགས་དེ་ཚོད་ལྟ་བྱེད་ས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། “གྲངས་གཞི་དེ་དག་གིས་ཁོང་ཚོར་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་པར་འདེགས་སྐྱོར་བྱེད་ཀྱི་ཡོད་ལ། ང་ཚོར་དེ་བས་ལེགས་པའི་སྒོ་ནས་རང་བྱུང་ཁམས་ཤེས་རྟོགས་དང་ཁོར་ཡུག་སྲུང་སྐྱོང་བྱེད་རོགས་བྱེད་ཀྱི་ཡོད”ཅེས་མཱ་ཝུའེ་ཆང་གིས་བཤད་པ་དང་། ཁོང་གིས“ལོ་ངོ་བཅུ་གྲངས་རིང་ཚན་ཞིབ་པ་ཁག་མང་པོ་ཞིག་ལུང་སྟོང་འདིར་རེས་མོས་ཀྱིས་བཅའ་སྲུང་བྱེད་པར་ཡོང་བ་དང་། གྲངས་གཞི་ཁག་མང་པོ་ཞིག་ལས་རི་བོ་དེའི་འགྱུར་ལྡོག་ཟིན་ཐོར་འགོད་བཞིན་ཡོད”ཅེས་བཤད།
བོད་རང་སྐྱོང་ལྗོངས་ནགས་རྩྭ་ཅུས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོ་ནས་བཟུང་སྤེལ་བའི་ལྟ་ཞིབ་ཚད་ལེན་རྣམ་གྲངས་ཤིག་གིས་ཇོ་མོ་གླང་མའི་ས་ཁོངས་ནས་འོ་འཐུང་སྲོག་ཆགས་ཆེ་འབྲིང་རིགས་32ཟིན་ཐོར་བཀོད་པའི་ནང་། གསའ་ཚུད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆཌ་རིགས་12ཡོད་པ་དང་། རི་ཞིམ་ཚུད་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་16ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།