དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་གལ་འགངས་ཆེ་ཤོས་སུ་བརྩི་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ཏང་ཡོན་ལས་བྱེད་པའི་སྲིད་དོན་ལས་རྗེས་ཀྱི་སྲོག་ཤིང་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་སྲིད་དོན་ལས་རྗེས་གལ་ཆེ་ཤོས་སུ་བརྩིས་ནས། མི་སེར་གྱི་ཆེད་དུ་བྱ་བ་བཟང་པོ་ཇི་ཙམ་བསྒྲུབས་མིན་དེ་སྲིད་དོན་ལས་རྗེས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩི་དགོས་ཞེས་མཛུབ་སྟོན་ཟབ་མོ་གནང་ཡོད། གྲུབ་འབྲས་ཡག་པོ་ཡོད་མེད་ནི་མང་ཚོགས་ཀྱི་མྱོང་ཚོར་དངོས་ལ་བལྟས་ནས་མང་ཚོགས་ཀྱིས་ཤན་འབྱེད་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་རིན་ཐང་གི་ཁ་ཕྱོགས་གཏན་འཁེལ་གནང་ཡོད་ལ། ང་ཚོས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་ཡང་གནང་ཡོད།

    ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ལ“དགོས་མིན”མང་ཙམ་འདྲི་བ་དང་། རང་ཉིད“མངོན་གསལ་དོད་མིན”ཐད་བསམ་བློ་ཉུང་ཙམ་གཏོང་བ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་དངོས་མང་ཙམ་སྒྲུབ་པ། འཕྲལ་བདེ་འཕྲལ་ཕན་དང་མི་རྒྱུ་འཕྲོ་བརླག་འགྲོ་བའི་བྱ་བ་ཉུང་ཙམ་སྒྲུབ་པ་བཅས་བྱས་ཏེ་ལས་དོན་ཚང་མ་མང་ཚོགས་ཁྲོད་རྩ་བ་ཚུགས་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ཐོག་མཐའ་བར་གསུམ་དུ་མི་སེར་གྱི་བདེ་སྡུག་སེམས་ལ་བཅངས་ནས་ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས། རྒན་གསོ་སོགས་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ཀྱི་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་བརྩེ་སེམས་ཟབ་མོས་ཐག་གཅོད་ཡག་པོ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི“འགག་རྩའི་བྱ་བ་ཆུང་གྲས”ཡག་པོ་བསྒྲུབ་རྒྱུ་དེ“དོན་ཆེན་ཨང་དང་པོར”བརྩིས་ནས་མི་སེམས་དྲོ་བའི་ལན་ཐེངས་གཅིག་དང་། དུས་ཐོག་གི་རོགས་སྐྱོར་ཐེངས་གཅིག བྱ་བ་དངོས་གཅིག་དོན་ཐོག་ཏུ་འཁྱོལ་བ་བཅས་ཚང་མ་ནི་གངས་ལྗོངས་ས་མཐོའི་དངོས་དངོས་རྗེན་རྗེན་གྱི་སྲིད་དོན་ལས་རྗེས་ཤིག་རེད། སྲིད་དོན་ལས་རྗེས་ངོ་མ་ནི་ཐོག་མཐའ་བར་གསུམ་དུ་ཞིབ་ཕྲའི་ནང་དུ་གནས་ཡོད་པས། གོང་རིམ་ལ་སྟོན་བྱེད་ཀྱི“ངོ་སོའི་ལས་གྲྭ”ཞིག་མིན་པར་དེ་ནི་མང་ཚོགས་ལ་ཕན་པ་སྐྲུན་པའི“དམངས་སེམས་ལས་གྲྭ”ཞིག་རེད།

    མིག་སྔར། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། སྲིད་དོན་ལས་རྗེས་ལྟ་བའི་ནོར་འཁྲུལ་གྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བྱེད་བཞིན་ཡོད། ལས་བྱེད་པ་ཉུང་ཤས་ཀྱིས“མངོན་སུམ་གྱི་གྲུབ་འབྲས”ལ་སྣང་ཆེན་དང“མངོན་མིན་གྱི་གྲུབ་འབྲས”ལ་སྣང་ཆུང་བྱེད་པ་དང་། “ངོ་སོར”སྣང་ཆེན་དང་“དོན་དངོས”ལ་སྣང་ཆུང་བྱེད་པ། ལ་ལ“མྱུར་འགྲུབ”རྣམ་གྲངས་ལ་མགོ་འཁོར་བ་དང་། ལ་ལས“འདྲ་ཆགས”ལས་གྲྭར་དགའ་པོ་བྱེད་ཀྱི་ཡོད་པས། དེ་ནི་རང་ལྗོངས་ཀྱི་དོན་དངོས་གནས་ཚུལ་དང་ཁ་བྲལ་ལ་མང་ཚོགས་ཀྱི་ཁེ་ཕན་ལའང་གནོད་འཚེ་གཏོང་གི་ཡོད། དེའི་འབྱུང་རྩ་ནི་དམིགས་ཡུལ་གྱི་འདུ་ཤེས་ཉམས་ཞན་དུ་སོང་བ་དང་སྲིད་དོན་ལས་རྗེས་ལྟ་བ་འཁྱོགས་པས་རེད། ང་ཚོས་ངེས་པར་དུ་ད་ཐེངས་ཀྱི་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བྱས་ཏེ“དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་པ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ”དེ་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམིགས་ནས་བྱ་བ་རེ་རེ་བཞིན་དམ་འཛིན་བྱེད་པ་དང་ཐོ་བ་རེ་རེ་བཞིན་བརྡུངས་ཏེ་དངོས་སྒྲུབ་དང་། ཕན་ནུས། དངོས་གཉེར་བཅས་ལ་བརྟེན་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།

    སྲིད་དོན་ལས་རྗེས་ལྟ་བ་ཡང་དག་ཡིན་ན། ཏང་གཤིས་ཀྱི་དམིགས་ཡུལ་བརྟན་སྲུང་ཐུབ་ནས་དམངས་འཚོར་ཕན་པའི་གྲུབ་འབྲས་དངོས་གཏོད་ཐུབ་པ་དང་། སྲིད་དོན་ལས་རྗེས་ལྟ་བ་འཁྱོགས་ན། ཁེ་ཕན་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཀྱི་རྫབ་དོང་ནང་ལྷུངས་ནས་ཏང་གི་སྲིད་སྐྱོང་རྨང་གཞིར་གནོད་འཚེ་གཏོང་སྲིད་པ་ལག་ལེན་དངོས་ལས་ར་འཕྲོད་གང་ལེགས་བྱུང་ཡོད། བོད་ཀྱི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་དེ་ཆབ་སྲིད་ཀྱི་ངེས་སྦྱོང་སློབ་ཚན་དུ་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་དམངས་འཚོའི་ཁེ་ཕན་མང་ཙམ་དོན་གཉེར་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་བསལ་ནས། ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་དང་། མི་དམངས་ལ་བདེ་སྐྱིད་དངོས་འབྲེལ་སྐྲུན་པ། མང་ཚོགས་ཀུན་གྱིས་ཁས་ལེན་པ་བཅས་ཀྱི་གྲུབ་འབྲས་བཏོད་དེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།