དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་། དངོས་སྒྲུབ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་འབད།

    —— དག་པོ་གྲོང་ཚོར་བཅའ་སྡོད་ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པའི་ལས་དོན་རུ་ཁག་གིས་གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ་གྲོང་སྡོད་བྱས་ཚུན། ལས་དོན་རུ་ཁག་གིས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། ཐོན་ལས་ཀྱིས་སྐུལ་ཁྲིད། རིག་གནས་ཀྱིས་མཐུན་རྐྱེན་སྦྱོར་བ། དམངས་འཚོར་དྲོ་སྐྱིད་སྦྱིན་པ”བཅས་ཀྱི་གཙོ་རྐང་ལ་དམ་པོར་དམིགས་ནས། དངོས་སྒྲུབ་ཀྱི་བྱེད་ཐབས་རེ་རེ་དོན་ཐོག་ཏུ་འཁྱོལ་ཏེ“བཅའ་སྡོད་གཏིང་ཟབ་དང་། རོགས་རམ་ཏན་ཏིག ལས་སྒྲུབ་ཡག་པོ”བཅས་ལ་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།

    2025ལོའི་ཟླ་8པར། གནམ་མཚོའི་མཛེས་ལྗོངས་ཁུལ་གྱི་འགྲམ་དུ་ཡུལ་སྐོར་བ་ལི་ལགས་ཀྱིས་ཡིད་གཟབ་མ་བྱས་པའི་རྐྱེན་གྱིས་ལག་ཐོགས་ཁ་པར་བརླག་པས་ཁོང་སེམས་ཁྲལ་ཆེན་པོ་བྱུང་ཡོད། སྐབས་དེ་དུས་དག་པོ་གྲོང་ཚོའི་ལམ་འགྲམ་དུ་བཙུགས་པའི“གསར་བརྗེའི་ཞབས་ཞུའི་ས་ཚིགས”ཀྱི་སྡོད་བྱའི་ཏང་ཡོན་གྱིས་རང་འགུལ་ངང་རོགས་རམ་བྱས་ཏེ་གང་སར་བཙལ་མཐར་ཁ་པར་རྙེད་ཡོད། དེ་ལྟ་བུའི་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་གཏམ་རྒྱུད་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་རྒྱུན་དུ་ཐོས་རྒྱུ་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གིས“ས་མཐོར་བཅའ་སྡོད་བྱས་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་དང་འཐབ་ས་དང་པོར་བསྐྱོད་དེ་འགན་འཁྲི་མངོན་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་ལ་དམ་པོར་དམིགས་ནས། འགྲིམ་འགྲུལ་གྱི་ལམ་མདོར“གསར་བརྗེའི་ཞབས་ཞུའི་ས་ཚིགས”གཉིས་བཙུགས་ཏེ། གྲོང་ཚོའི་ལོ་60མན་གྱི་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཟླ་བ་7པ་ནས་ཟླ་བ་9པའི་བར་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སྡོད་བྱ་བྱེད་ཀྱི་ཡོད། ཉི་གདུགས་སྤྲོད་པ་དང་། ཆུ་ཚ་པོ་མཁོ་འདོན་བྱེད་པ། བོར་དངོས་འཚོལ་རོགས་བྱེད་པ་བཅས་ས་ཚིགས་དེས་ཉིན་རེར་ཆ་སྙོམས་མི་ཐེངས་30ལྷག་ཙམ་ལ་དམངས་ཕན་ཞབས་འདེགས་ཞུས་པར་བརྟེན་གནམ་མཚོའི་མཐའ་འཁོར་གྱི་ཡུལ་སྐོར་ཞབས་ཞུའི་སྟོང་ཆ་ནུས་ལྡན་ངང་གསབ་པ་མ་ཟད། ཞབས་ཞུའི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་ཐུབ་པ་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྒྲོལ་མས། “ས་ཚིགས་ཆུང་ཡང་ཏང་རྩ་འཛུགས་ཀྱིས་མང་ཚོགས་དང་འབྲེལ་གཏུག་དང་ཡུལ་སྐོར་བར་ཞབས་འདེགས་ཞུ་སའི་སྐར་ཁུང་ཞིག་ཡིན། ཏང་ཡོན་གྱིས་མིག་དཔེ་འདོན་པ་དང་སྣེ་ཁྲིད་བྱས་པར་བརྟེན་མང་ཚོགས་ཀྱི་ཡིད་ཆེས་ཆེན་པོ་ཐོབ་ཡོད”ཅེས་བཤད།

    དག་པོ་གྲོང་ཚོར་འབྲོག་ལས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་དེ་སྔ་ཚགས་ཤ་བྲིན་ཚོང་ཐད་སྤུས་ཚད་འགན་ལེན་མི་ཐུབ་པ་དང་བྲིན་དཀའ་བའི་གནད་དོན་འཕྲད་ཡོད། དེ་ལྟའི་དཀའ་ངལ་སེལ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ལས་དོན་ཧུར་ཐག་བསྒྲུབས་པ་མ་ཟད། “ཏང་འཛུགས་སྐྱོང་དང་ཁ་དན་ཚིག་གནས”ཀྱི་བྲིན་ཚོང་བྱེད་ཐབས་སྤྱད་དེ་གྲོང་ཚོའི་ཚགས་ཤ་བྲིན་ཚོང་ལ“ཁ་དན་ཚིག་གནས”ཀྱི་མིང་བྱང་བཏོད་ཡོད།

    མིང་བྱང་ཐོག་ཐོན་རྫས་ལ་ཁྱད་ཆོས་གང་ཡོད་མེད་གསལ་པོ་བྲིས་ཡོད་པ་མ་ཟད། གྲོང་སྡོད་ཀྱི་ཧྲུའུ་ཅི་དང་པོ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་མིང་དང་འབྲེལ་གཏུག་ཁ་པར་ཡང་བཀོད་ཡོད། “དེ་ནི་ང་ཚོས་མི་སྒེར་གྱི་མཚན་སྙན་དང་གོ་གནས་ཐོབ་ཐང་ལ་བརྟེན་ནས་ཐོན་རྫས་ཀྱི་རྒྱབ་མཆན་བཀོད་པ་ཞིག་ཡིན་ལ། འཛད་སྤྱོད་པ་ཚོ་བློ་བདེ་པོ་ཡོང་ཆེད་ཀྱང་ཡིན”ཞེས་སྒྲོལ་མས་བཤད། མིང་བྱང་དེས་གྲོང་སྡོད་ལས་དོན་རུ་ཁག་གིས་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས་བཙུགས་པའི“དྲ་ཐོག་འོས་སྦྱོར་དང་དྲ་ཕྱིའི་ཉོ་སྒྲུབ་ཟུང་དུ་འབྲེལ་བའི”དྲ་རྒྱར་གཞོགས་འདེགས་བྱས་ཏེ་ཐོན་རྫས་ཚོང་ལམ་མགྱོགས་མྱུར་བཏོད་ཡོད། ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པས་སྔོན་ལ་ཁ་ཕྱོགས་གཏན་འཁེལ་གྱིས་ཉོ་སྒྲུབ་བྱས་ནས་ཉོ་སྒྲུབ་ཐབས་ལམ་བརྟན་པོ་བྱུང་བས། འབྲོག་པ་ཚོས“རྐྱང་རྒྱུག་རྐྱང་འཐབ་དང་རིན་གོང་དམའ་པོས་འགྲན་ཚོང་བྱེད་པའི”རྣམ་པ་རྦད་དེ་མཇུག་འགྲིལ་ཞིང་། ཡུལ་མི་རྡོ་རྗེས“ད་ཆ་འབྲི་གཡག་བཤས་བཏང་ཚེ་གོང་མཐོ་པོ་རག་གི་འདུག་པས་བློ་ཧ་ཅང་བདེ་པོ་འདུག ལས་དོན་རུ་ཁག་གི‘མིང་བྱང’དེ་དངོས་གནས་གོ་ཆོད་པོ་འདུག”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

    མང་ཚོགས་ཀྱི་དགོས་མཁོ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་བྱ་སྤྱོད་སྤེལ་ཕྱོགས་ཡིན་ཞིང་། དགུན་དུས་འབྲོག་པར་གཟན་རྩྭ་དཀོན་པའི་དཀའ་ངལ་འཕྲད་སྐབས་གྲོང་སྡོད་ལས་དོན་རུ་ཁག་གིས་སྔ་ཙམ་ཇུས་འགོད་དང་བྱ་སྤྱོད་སྤེལ་ནས“གྲོང་ཚོའི་མཉམ་སྡེབ་ཀྱི་ཁ་གསབ་དང་། བྱ་བ་དངོས་སྒྲུབ་པའི་གྲོན་དངུལ་རྒྱབ་སྐྱོར། མང་ཚོགས་ཀྱིས་མ་དངུལ་རང་གྲབས་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་གསར་གཏོད་ངང་སྤྱད་པ་དང་། མི་འདང་ས་ཞིབ་རྩིས་གནད་སྨིན་དང་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཀྱིས་རིན་གོང་བསྡུར་ཏེ། དགུན་ཁ་མ་ཤར་གོང་དུ་སྤུས་ལེགས་ཡུག་པོ་ཏུན་300གྲོང་ཚོར་དབོར་ནས་སྒོ་ཕྱུགས་ཁྲི་ལ་ཉེ་བ་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པ་དང་གྲོང་མིར་གྱོང་གུན་མི་ཕོག་པ་བྱས་ཡོད།

    དགུན་གསེང་རིང་འབྲོག་ཁུལ་དུ་བྱིས་པར་ལྟ་སྐྱོང་དང་ཟུར་ཁྲིད་བྱེད་མཁན་མེད་པའི་དཀའ་ངལ་འཕྲད་སྐབས། གྲོང་སྡོད་ལས་དོན་རུ་ཁག་གིས་སྣེ་ཁྲིད་དེ“དགུན་དུས་ཀྱི་དུས་བཟང་། བྱིས་པའི་ཕུགས་འདུན་མངོན་འགྱུར་བྱེད་འགོ་བརྩམས”ཞེས་པའི་སྤྱི་ཕན་དགུན་སྒར་གྱི་བྱེད་སྒོ་སྤེལ་ཞིང་། རུ་མི་ཚོས་རེས་མོས་ངང“གནས་སྐབས་དགེ་རྒན”བྱས་ཏེ་སྦྱོང་ཚན་ཟུར་ཁྲིད་དང་། རོལ་རྩེད་སྒྲིག་འཛུགས། བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བཅས་བྱས་པ་མ་ཟད། ད་དུང་རང་དངུལ་བཏང་ནས་ཕྲུ་གུ་ཚོར་ཀེག་དང་ཤིང་ཏོག་ཀྱང་ཉོས་ཡོད། གཞན་ཡང་གྲོང་ཚོའི་བུ་བཅོལ་ཁང་གི་དགེ་རྒན་གྱི་ཉལ་ཁང་གི་སྒོ་འགྲམ་དུ་འདམ་རྫབ་ཀྱིས་ཁེངས་པ་མཐོང་སྐབས་གྲོང་སྡོད་ལས་དོན་རུ་ཁག་གིས་མགྱོགས་མྱུར་མཐུན་སྦྱོར་གྱིས་ཨར་འདམ་དབོར་བ་དང་རུ་མི་ཚོས་མཉམ་དུ་ལས་ཀ་བྱས་ནས་ས་ཁོད་སྙོམས་ཏེ་དགེ་རྒན་ཚོའི་འཚོ་བའི་ཁོར་ཡུག་ལེགས་སུ་བཏང་ཡོད།

    བོད་ལྗོངས་ས་མཐོར་གཞིས་ཚུགས་ནས། ཐོག་མའི་བསམ་འདུན་ལེགས་པར་མངོན། དག་པོ་གྲོང་ཚོར་བཅའ་སྡོད་ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པའི་ལས་དོན་རུ་ཁག་གིས་གྲོང་ཚོའི་གང་སར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དངོས་སྒྲུབ་ལ་བརྟེན་ནས་འགན་འཁྲི་གསལ་འགྲེལ་བྱས་ཏེ་ཏང་འཛུགས་སྐྱོང་གི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་ནས་ཡུལ་མི་ཚོར་རོགས་སྐྱོར་ཏན་ཏིག་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།