དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོར་མ་འཇོག་ལས་དར་གྱི་མཐོ་ས་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-07

    ས་མཐོར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་སྐྱེ་དངོས་མཐའ་དག་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། གནའ་གྲོང་ལྷ་སའི་གང་སར་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་ཡོད། 2025ལོའི་ལོ་མཇུག་ཏུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ཆེན་པོ་ལས་བརྒལ་བའི་ས་མཐོའི་གྲོང་ཁྱེར་དེས་ཁྱད་ལྡན་ཅན་གྱི་གསར་གཏོད་དང་། གནད་སྨིན་ཅན་གྱི་ཚོང་འགུག ཞིབ་ཚགས་ཅན་གྱི་ཞབས་ཞུ་བཅས་ཀྱི་ཐོག་ནས་ས་བབ་སྨི་3600ཡོད་པའི་གངས་ལྗོངས་ས་མཐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ནས་གོམ་པ་རིམ་བགྲོད་ཀྱིས་མ་འཇོག་ལས་དར་གྱི་ཞིང་ས་གཤིན་པོར་འགྱུར་བཞིན་ཡོད་པ་རེད།

    ལམ་སྲོལ་གསར་གཏོད——

    ཞན་ཆ་བསལ་ནས་ལེགས་ཆ་བཏོད་པ།

    ས་ཁམས་ཀྱི་ཆ་རྐྱེན་དང་། ཤེས་ལྡན་པ་མཁོ་སྤྲོད། རྨང་གཞིའི་སྒྲིག་བཀོད་སོགས་ལྷན་སྐྱེས་རྒྱུ་རྐྱེན་གྱི་ཚོད་འཛིན་ཕོག་པའི་དབང་གིས་ལྷ་སའི་འཕེལ་རྒྱས་ལ་འགྲན་སློང་མང་པོ་འཕྲད་ཡོད། དེར་བརྟེན་ལྷ་སས་ལམ་སྲོལ་གསར་གཏོད་ཚད་བརྒལ་ས་དང་ཞན་ཆ་ལེགས་ཆར་འགྱུར་བར་བྱས་ཏེ་ས་མཐོ་དེ་ཉིད་གསར་གཏོད་ལས་གཏོད་ཀྱི་ཞིང་ས་གཤིན་པོར་འགྱུར་བར་བྱས་ཡོད།

    2025ལོའི་ཟླ་9པར། བོད་ཀྱི་ཚད་ལྡན་ཅན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ཐོན་ལས་གླིང་དང་པོ་དེ་ལྷ་སར་བསྐྲུན་ནས་གཉེར་སྐྱོང་བྱས་པ་རེད། གླིང་ཁུལ་གྱིས་མཐོ་གསར་ཁུལ་དང་། དཔལ་འབྱོར་གསར་སྤེལ་ཁུལ། རིག་གནས་བསམ་བཀོད་གླིང་བཅས་ཀྱི་ནུས་པ་དང་ཟུང་འབྲེལ་གྱིས་འཕེལ་རྒྱས་ཀྱི་ཇུས་གཞི་གཏན་འཁེལ་བྱས་པ་དང་། ཁྲལ་དོན་དང་། དངུལ་རྩ། ཁྲིམས་དོན་སོགས་ཀྱིས་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཁེ་ལས་ལ་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུས་ཐོག་གངས་ལྗོངས་ས་མཐོའི“ཤེས་ལྡན་པའི་སྒུལ་ཤུགས”བཏོད་དེ་ལམ་ལུགས་གསར་གཏོད་ལ་བརྟེན་ནས་མི་ཤུགས་ཐོན་ཁུངས་ཀྱི་མཁོ་སྤྲོད་དོ་སྙོམས་མེད་པའི་དཀའ་གནད་བསལ་བ་རེད།

    ཟོག་འགྲུལ་ནི་དེ་སྔ་ལྷ་སའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་མངོན་གསལ་དོད་པོ་ཞིག་ཡིན་ཞིང་། བོད་ཀྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཟོག་འགྲུལ་གླིང་འབའ་ཞིག་ཡིན་པའི་ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲུལ་གླིང་གིས་ས་ཁམས་ཀྱི་ཚད་བཀག་མེད་པར་བཟོས་ནས་གངས་ལྗོངས་ས་མཐོའི་ཕྱི་ནང་སྦྲེལ་མཐུད་ཐུབ་པར་བྱས་ཏེ་ཅིང་ཏུང་དང་ཏེ་པང་སོགས་ལྗོངས་ཕྱི་ནང་གི་ཁེ་ལས་30ལྷག་ཙམ་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་ནས་2025ལོར་ཡོང་འབབ་སྒོར་ཁྲི་4000ལྷག་ཙམ་བཏོད་དེ་ལྷ་སའི་སྐམ་སའི་གྲུ་ཁ་རྣམ་པའི་རྒྱལ་ཁབ་ཟོག་འགྲུལ་ལྟེ་གནས་ཀྱི་ལྟེ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་ལ། བོད་འདི་ཉིད“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་བྱེད་པ་དང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་དང་སྦྲེལ་མཐུད་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་མ་འཇོག་ཟོག་འགྲུལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་འཇིགས་མེད་ཀྱིས་ཟོག་འགྲུལ་གླིང་གིས་མཚོ་བོད་ལྕགས་ལམ་ནུབ་ཟོག་འབབ་ཚུགས་ཀྱི་ས་བབ་ལེགས་ཆར་བརྟེན་ནས“ལྕགས་ལམ་མ་ལམ་སྐྱེལ་འདྲེན་དང་གཞུང་ལམ་འགག་སྒོ་འབྲེལ་མཐུད”ཟུང་དུ་འབྲེལ་བའི་ནུས་ཆེའི་མཉམ་འབྲེལ་སྐྱེལ་འདྲེན་བྱེད་སྟངས་བཏོད་དེ། ལྕགས་ལམ་ཐད་སྐྱོད་དུས་གཏན་མེ་འཁོར་གསུམ་ཤར་གཏོང་ཐུབ་པ་དང་། “འཛིན་རྐྱང་ལམ་ལུགས”དང“སྒམ་གཅིག་ལམ་ལུགས”ཀྱི་ཆ་འཕྲིན་ཅན་དོ་དམ་བྱས་པས། ཕྱོགས་བསྡུས་ཟོག་འགྲུལ་མ་གནས་20%ཡན་དམའ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། བོད་སྨན་དང་། ནས། གཏེར་ཆུ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་ཟོག་འགྲུལ་དགོས་མཁོར་དམིགས་ཏེ་འཁོར་འབྲེལ་ཧྲིལ་པོའི་གྲང་ཕྲེང་ཞབས་ཞུའི་མ་ལག་བཏོད་ནས། མཛོད་ཉར་དང་། ཐུམ་རྒྱག སྐྱེལ་འདྲེན། འགག་སྒྲོལ་བཅས་གཞི་གཅིག་ཅན་དུ་འགྱུར་ཡོད།

    ལྷ་ས་མཐོ་གསར་ཁུལ་གྱི“གཅིག་འཐུས་རྣམ་པའི”ཚོམས་ཆེན་དུ་ཁེ་ལས་ཀྱིས་ལས་དོན་སྒྲུབ་པར“ཐེངས་གཅིག་ལས་སྐྱོད་མི་དགོས་པ”དང“ཨང་རྟགས་བཤེར་ནས་ཁེ་ལས་སུ་བསྐྱོད་པའི”ཚོད་ལྟ་དོན་འཁྱོལ་བྱུང་བ་དང་། “ཐེངས་གཅིག་རང་ལ་ལས་དོན་མང་པོ་བསྒྲུབས་ཐུབ་པ”བྱུང་སྟེ། ཁེ་ལས་བློ་ཡིད་ཚིམ་ཚད་98%ཡན་ཟིན་པ་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱིས“བུ་རྫི་རྣམ་པའི”ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་ཞབས་ཞུ་གསར་གཏོད་བྱས་ཏེ་ཕྱོགས་གསུམ་པའི་སྒྲིག་གཞིས་ཁེ་ལས་ལ་ཐོ་བཀོད་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རོགས་རམ་བྱེད་རྒྱུའི་མངགས་བཅོལ་བྱས་པ་དང་། རྫོང་རིམ་པའི་འགན་འཁུར་བློ་མཐུན་གྱིས་ཟླ་རེ་བཞིན་རུ་སྣེ་ཁྲིད་ནས་ཁེ་ལས་སུ་བསྐྱོད་དེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་སོགས། “ལྗོངས་ཡོངས་སུ་ཀུན་སྒྲུབ”ནས“ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ”བར་དང་། དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་ནས་བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུའི་སྐར་ཁུང་བར་ལྷ་སས་ཁེ་ལས་རྣམས་ལ་སྟབས་བདེ་དང་ནུས་ཆེའི་ཞབས་ཞུ་མཁོ་འདོན་བྱས་པས། ཚོང་གཉེར་ཁོར་ཡུག་གི“འཇམ་ཤུགས”དེ་འཕེལ་རྒྱས་ཀྱི“འདེགས་སྐྱོར་བརྟན་པོ”ཞིག་ཏུ་གྱུར་ཡོད་པ་རེད།

    གནད་སྨིན་ཚོང་འགུགས——

    ཐོན་ལས་ཁོར་ཡུག་གནད་སྨིན་སྐྱེད་སྲིང་བྱས་པ།

    ལྷ་སས་ས་མཐོའི་ཁྱད་ཆོས་ལ་གཞི་བཙུགས་ཏེ་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་དང་། ཡུལ་རྣམ་ཚོང་འགུགས། ལས་སྟེགས་ཚོང་འགུགས་བཅས་ལག་བསྟར་བྱས་པ་དང་། “གཙོ་ཁྲིད་གཅིག་དང་། ཀ་རྟེན་ཆེན་པོ་གསུམ། ཐོན་ལས་ཆེན་པོ་དགུ”བཅས་ལ་དམིགས་ཏེ། ཁྱད་ལྡན་ཐོན་ལས་ཁོར་ཡུག་གནད་སྨིན་སྐྱེད་སྲིང་བྱས་པས། རྣམ་གྲངས་དང་གྲོང་ཁྱེར་འཕེལ་རྒྱས་ཀྱི་གོམ་སྟབས་གཅིག་གྱུར་བྱུང་ཡོད།

    ལྷ་ས་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་དཔལ་འབྱོར་འཕེལ་རྒྱས་ཅུས་ཚོང་འགུགས་གཞུང་ལས་ཁང་གཉིས་པའི་འགན་འཁུར་བ་ཉི་མ་དོན་གྲུབ་ཀྱིས“ཉེ་བའི་ལོ་ཤས་རིང་ང་ཚོས་ཐབས་མང་མཉམ་སྤྱོད་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གཤིན་ས་སྐྱེད་སྲིང་བྱས་པ་དང་། གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་སྣ་མང་གནད་སྨིན་གྱི་ཚོང་འགུག་སོགས་བྱེད་ཐབས་བརྒྱུད་བཟང་སྤེལ་ཞན་གསབ་རྒྱུན་མཐུད་དེ་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་འདུས་ཚད་ཆེ་བའི་གྲངས་འཛིན་དཔལ་འབྱོར་འདུས་སྡོད་ཁུལ་གང་མགྱོགས་བཏོད་ཡོད”ཅེས་བཤད།

    “མཐོ་གསར་ཁུལ་གྱིས་ང་ཚོར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་བྱུང་། གླིང་ཁུལ་ནང་གི་ཐོན་ལས་མཉམ་ལས་ཀྱིས་ང་ཚོ་དང་གྲངས་འཛིན་དངུལ་རྩ་དང་རྩིས་ནུས་ཀྱིས་མཐུན་རྐྱེན་སྦྱོར་བའི་ཁྱབ་ཁོངས་ཀྱི་ཁེ་ལས་དབར་ཕན་ཚུན་གསབ་རེས་མཉམ་འགུལ་བྱས་ཏེ་ཐུན་མོང་ཐོག་ས་མཐོའི་ཁྱད་ལྡན་གྲངས་འཛིན་དཔལ་འབྱོར་གྱི་ཁོར་ཡུག་ཅིག་བཏོད་ཡོད”ཅེས་བོད་ལྗོངས་དབྱི་ཀྲོའུ་རིག་ནུས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཀྲུང་ཆན་ཞང་གིས་བཤད།

    སྒོ་དབྱེ་དང་མཉམ་ལས་ཁྲོད་འཕེལ་རྒྱས་དོན་གཉེར་བྱས་ཤིང་། ལྷ་སས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་ལ་བརྟེན་ནས“རྒྱལ་ནང་དུ་ཟོག་འདུས+ལྷ་སར་བར་བརྒྱུད+ཕྱི་རྒྱལ་གྱི་མཛོད་ཁང་ནས་ཤར་གཏོང་བཅས་ཟུང་འབྲེལ”གྱི་རིམ་གསུམ་ཟོག་འགྲུལ་དྲ་རྒྱ་བཏོད་པ་དང་། རྒྱལ་ནང་དུ་ཀོང་ཀྲོའུ་དང་དབྱི་ཝུའུ་སོགས་ཟོག་འདུས་མཛོད་ཁང་ལ་བརྟེན་ནས་ཟོག་ཁུངས་བསྡུ་རུབ་བྱས་ཏེ་ནེ་པ་ལའི་ཕྱི་རྒྱལ་གྱི་མཛོད་ཁང་ནས་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ཐད་ཀར་འབྱོར་བ་དང་། སྐྱེལ་འདྲེན་གྱི་གོ་ཆོད་ཡུན་ཚད་སྲོལ་རྒྱུན་གྱི་མཚོ་ཐོག་སྐྱེལ་འདྲེན་གྱི་དུས་ཡུན་ཉིན་60ནས་ཉིན་20བར་ཐུང་དུ་ཕྱིན་པ། ཟོག་འགྲུལ་གྱི་ལས་ཆོད་སྤྱི་ཡོངས་ནས་50%མཐོ་རུ་ཕྱིན་པ། ཕྱོགས་བསྡུས་ཟོག་འགྲུལ་མ་གནས་20%ཆག་ཡོད།

    ཞིབ་ཕྲའི་ཞབས་ཞུ——

    སེམས་ནུས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་ལ་རོགས་རམ་བྱས་པ།

    “ང་ཚོས་ཁེ་ལས་ལ་དྲོ་སྐྱིད་སྦྱིན་པ་དང་། ལྷག་བསམ་རྣམ་དག་གིས་གངས་ལྗོངས་ས་མཐོར་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས་ཁེ་ལས་ལ་ས་མཐོའི་འཕེལ་རྒྱས་ཁྲོད་བདེ་སྣང་དང་ཐོབ་སྣང་ཡོང་བར་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་མ་འཇོག་སྐུལ་སྤེལ་ཅུས་ཚོང་གཉེར་ཁོར་ཡུག་ཁོའོ་ཡི་ཁོའོ་ཀྲང་རྡོ་རྗེ་ཚེ་རིང་གིས་དེ་ལྟར་བརྗོད་ཅིང་། ཁོང་གིས་2025ལོའི་ཟླ་8པར《ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྲོལ་ཡིག》དངོས་སུ་ལག་ལེན་བསྟར་བ་དང་། རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བ་ནས་རྒྱུན་གཏན་གྱི་གཉེར་སྐྱོང་བྱེད་པ། ཤེས་ལྡན་པ་ནང་འདྲེན་གསོ་སྐྱོང་བྱེད་པ་ནས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་པ། ལྷ་སས་ཞབས་ཞུ་བརྒྱུད་མ་འཇོག་གི་ཡིད་དབང་འཕྲོག་ཤུགས་ཆེ་རུ་བཏང་ནས“དྲ་གཅིག་ཀུན་སྒྲུབ”དང“ཞིབ་བཤེར་བྱེད་མི་དགོས་པར་ལོངས་སུ་སྤྱོད་ཆོག་པ”སོགས་ཀྱི་ནུས་ཆེའི་ལམ་སྲོལ་ཁྱབ་གདལ་བཏང་ནས་ཁེ་ལས་ཐོ་འགོད་དང་སྲིད་ཇུས་སྙན་ཞུ་འབུལ་བར་ཆེད་མིས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ཐུབ་པ་བྱས་ཡོད་ཅེས་བཤད།

    ཨེ་ཤེ་ཡ་ལྷོ་མའི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་གིས་བཅའ་སྡོད་ཁེ་ལས་ལ་རིན་མི་དགོས་པར་མཛོད་ཁང་དང་གཞུང་དོན་སྒྲུབ་ཡུལ་མཁོ་འདོན་བྱས་པ་དང་། འགག་སྒོ་ལས་ཁུངས་དང་ཁྲལ་དོན་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་རིག་ནུས་སྒོ་ཁྲལ་གནས་ཞུ་དང་མགྱོགས་མྱུར་ཁྲལ་སློག་ཐུབ་པར་བྱས་པ་རེད། བོད་ཀྱི་རིག་གནས་ཡུལ་སྐོར་བསམ་བཀོད་གླིང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་ཕུགས་ཕན་ལམ་སྲོལ་བཙུགས་པ་དང་། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཚོགས་འདུ་འཚོགས་པ། དཀའ་གནད་ཁག་30ལྷག་ཙམ་ཐག་གཅོད་བྱས་པ། ཁེ་ལས་ལ་མ་དངུལ་སྒོར་དུང་ཕྱུར་1.6བསྡུ་སྒྲིལ་བྱེད་རོགས་བྱས་པ། 2025ལོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་317.52སྤྲད་དེ་གཉེར་སྐྱོང་བྱེད་པོ་17ལ་ཕན་པ་ཐོབ་པར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཁེ་ལས་ཀྱི་ཤེས་ལྡན་པ་དང་། མ་དངུལ། ས་ཆ་སོགས་དགོས་མཁོ་གཙོ་བོར་དམིགས་ནས་གནད་སྨིན་ཇུས་བསྟར་དང་འགན་སྲུང་ཧུར་ཐག་བྱས་ཤིང་། ཤེས་ལྡན་པའི་ཐད། ཤེས་ལྡན་པའི་སྤྱི་ཤག་དང་སྡོད་ཁང་ཁ་གསབ་ལ་སྤྱི་འདོམས་བྱས་ཏེ་ཤེས་ལྡན་པའི་བདེ་སྡོད་གནད་དོན་ཐག་གཅོད་བྱས་པ་དང་། མི་ཤུགས་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་གླིང་གི་ལས་མི་བཀོལ་སྤྱོད་ཐད་གནད་སྨིན་ཆ་སྒྲིག་ཞབས་འདེགས་ཞུས་ཡོད། མ་དངུལ་གྱི་ཐད། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད་ཀྱི་ལས་སྟེགས་འཛུགས་སྐྱོང་བྱས་ཏེ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་ཆེད་གཏོགས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་བཏོན་པ་དང་མ་དངུལ་བསྡུ་རུབ་ཀྱི་མ་གནས་ཆུང་དུ་གཏོང་བ་སོགས་བྱས་ཡོད།

    འཕེལ་རྒྱས་ཀྱི་དུས་མཚམས་མི་འདྲ་བའི་ཁེ་ལས་ལ་གཞིགས་ནས་རིགས་དབྱེ་རོགས་སྐྱོར་ལག་བསྟར་བྱས་པ་སྟེ། གསར་དུ་བཙུགས་པའི་ཁེ་ལས་ལ་རིན་མེད་གཞུང་སྒྲུབ་དང་། ལས་གཏོད་མཛུབ་ཁྲིད། སྲིད་ཇུས་རྒྱབ་སྐྱོར་བཅས་བྱས་པ་དང་། འཚར་ལོངས་ཡོང་བཞིན་པའི་ཁེ་ལས་ལ་མ་རྩའི་ཁྲོམ་ར་འབྲེལ་མཐུད་དང་ཁྲོམ་རའི་ཐབས་ལམ་རྒྱ་སྐྱེད་བྱས་པ། སྣེ་འདྲེན་ཁེ་ལས་ལ་ཆེད་དོན་སྲིད་ཇུས་བཏོན་ནས་ལག་རྩལ་གསར་གཏོད་དང་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ཐད་རྒྱབ་སྐྱོར་བྱས་པ་བཅས་རེད།

    ཐོན་ལས་འཕེལ་རྒྱས་གཏོང་བར་ཤེས་ལྡན་པ་དང་ཁ་འབྲལ་ཐབས་མེད་པ་དང་། ཤེས་ལྡན་པ་གནས་པར་སྤུས་ལེགས་ཀྱི་དམངས་འཚོའི་ལེ་ལག་དང་ཁ་འབྲལ་ཐབས་མེད། ལྷ་ས་གྲོང་ཁྱེར་གྱི་རྣམ་པ་ལེགས་ཚད་དང་ས་བབ་མཐོ་ཚད་གཅིག་མཚུངས་ཡིན་པ་དང་། འཕེལ་རྒྱས་དང་དམངས་འཚོ་མཉམ་དུ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་འཚོ་ལེགས་གཏོང་དང་ཐོན་ལས་འཕེལ་རྒྱས་སྤྱི་འདོམས་བྱས་ཡོད། 2025ལོར་གྲོང་སྐྲུན་རྣམ་གྲངས་ཁག་103གནད་སྨིན་དང་། ཞིབ་ཚགས། སྤུས་ལེགས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ལྕགས་པོ་རིའི་མཐུན་སྒྲིལ་སྤྱི་གླིང་བསྐྲུན་ནས་སྒོ་ཕྱེ་བ་དང་གྲོང་ཁྱེར་གྱི་ཆུ་རྒྱུད་ཡོངས་སུ་ཁྱབ་ཐུབ་པ། “ཆུ་བོས་གྲོང་ཁྱེར་བརླན་པ”ནི་ལྷ་སའི་མིང་བྱང་གསར་པར་གྱུར་པ། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤུས་ཚད་མཐོ་བའི་ངང་སྐུལ་འདེད་བཏང་ནས“གྲོང་ཁྱེར་གྱི་གང་སར་སྔོ་ལྗང་གིས་བརྒྱན་པར”བྱས་ཏེ་སྐྱེ་ཁམས་གནས་འཕྲོད་ཀྱི་མཛེས་རིས་གསར་པ་བཏོད་ཡོད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།