དངོས་སྒྲུབ་ལ་བརྟེན་ནས་གྲངས་གཞིའི་རྒྱུགས་ལན་ཕུལ་བ།
—— རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅུ་བཞི་པ།
2025ལོར། བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་3000ལྷག་ཙམ་གྱི་འགག་སྒོ་ལས་བརྒལ་ནས་ལོ་4ཡི་ནང་སྒོར་དུང་ཕྱུར་2000ནས་སྒོར་དུང་ཕྱུར་3000བར་གྱི་མཆོང་སྐྱོད་བྱུང་སྟེ། རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་མངོན་གསལ་དོད་པོ་ཞིག་ཕུལ་ཡོད།
“གྲངས་གཞི་འདི་ནི་སྟབས་བདེའི་གྲངས་གཞི་སྣོན་པ་ཞིག་མིན་པར། འདི་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་དང་འཕེལ་རྒྱས་ཀྱི་སྲིད་ཇུས་གནད་སྨིན་བཟོ་བར་མཁོ་འདོན་བྱས་པའི་འདེགས་སྐྱོར་བརྟན་པོ་ཞིག་ཡིན་ལ། བསྡོམས་རྩིས་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཀྱང་རེད”ཅེས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཕྱོགས་བསྡུས་བསྡོམས་རྩིས་ཁྲུའི་ཁྲུའུ་ཀྲང་ལིའུ་ཡུས་ཐང་གིས་བརྗོད།
རང་ལྗོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྤེལ་ཚུན། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའུ་ཡིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས“དུས་ཐོག་ཏུ་བཞི་དང་གཏན་ནས་མི་བྱེད་པ་བཞིའི”ལས་ཀ་བྱེད་སྟངས་གསར་གཏོད་འཚོལ་ཞིབ་དང་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ཡོད། ད་ཆ། ལས་ཀའི་ལམ་སྲོལ་ཆ་ཚང་དེས་ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཆབ་སྲིད་ཀྱི་འཇོན་ཐང་དང་། བརྟག་དཔྱད་ཞིབ་འཇུག་གི་འཇོན་ཐང་། ཐེག་པ་འཁུར་ལེན་གྱི་འཇོན་ཐང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་བཅས་ཆེ་རུ་ནུས་ལྡན་ཕྱིན་ཡོད།
དུས་ཐོག་ཏུ་དང་ལེན་བྱས་ནས་དོན་འཁྱོལ་ནུས་ལྡན་བྱས་པ།
ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི་ཏང་ཡོན་དང་ལས་བྱེད་པས་རང་འགན་གཙང་སྒྲུབ་དང་སྲིད་དོན་ལས་རྗེས་འཇོག་པའི་བསམ་བློའི་རྨང་གཞི་ཡིན་ལ། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་རིན་ཐང་གི་ཚད་ཤིང་ཞིག་ཀྱང་ཡིན།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱེད་པོའི་འགན་འཁྲི་ནན་པོ་འཁུར་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་རྩ་བ་བརྟན་ཚུགས་དང་། སྤྱོད་ཚུལ་ལེགས་གཏོང་། ཕན་འབྲས་ཆེར་གཏོང་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཐེན་ཀོང་ཧྭ་ཡིས“ང་ཚོས‘གྲོས་གཞི་དང་པོའི’ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། ཀྲི་པུའུ་ཡིས་ཞིབ་སྦྱོང་བྱེད་པ། འགན་སྒྲུབ་དངོས་སྦྱོང་བྱེད་པ། མི་སྒེར་གྱིས་རང་སྦྱོང་བྱེད་པ་བཅས་ཀྱི‘སློབ་སྦྱོང་བཞིའི’མཉམ་འགུལ་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ།‘གཞོན་ནུའི་ཟླ་ཕྱེད་སློབ་ཚན’གྱི་ཁྱད་ལྡན་གཞི་རྟེན་རྒྱུན་མཐུད་ངང་གཏོད་པ་བཅས་བྱས་ཏེ། ལས་བྱེད་པ་དང་ལས་བཟོས‘སུའི་ཆེད་དུ་སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས་པ་དང་། སྲིད་དོན་ལས་རྗེས་ལྟ་བ་གང་འདྲ་ཞིག་འཛུགས་དགོས་པ།
ཅི་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས་པ’བཅས་ལ་བསམ་གཞིག་གཏིང་ཟབ་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས‘བསྡོམས་རྩིས་ངོ་མ་དང་། ཁྲིམས་ལྟར་བསྡོམས་རྩིས། དམ་པ་དོན་གཉེར། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ’བཅས་བྱས་ཚེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ཕྱོགས་སྟོན་གསལ་པོར་སྟོན་ཐུབ”ཅེས་བརྗོད།
“ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱར་དུས་ཐོག་ཏུ་ཞིབ་འཇུག་བཀོད་སྒྲིག་བྱས་ནས་སྒྲུབ་དགོས་པའི་བྱ་བ་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྒྲུབ་པ་ལས་ནར་འགྱངས་གཏན་ནས་བྱེད་མི་རུང་བའི་འགན་ལེན་བྱེད་དགོས”པའི་བླང་བྱ་དེ་2025ལོའི་རྒྱལ་ཡོངས་ཀྱི་མི་འབོར་1%གི་དཔེ་འཐེན་བརྟག་དཔྱད་ཀྱི་དུད་ཚང་དུ་བསྐྱོད་ནས་ཐོ་འགོད་བྱེད་པའི་ལས་དོན་ཁྲོད་གང་ལེགས་མངོན་ཡོད།
2025ལོའི་ཟླ་11ཚེས་1ཉིན། དུད་ཚང་དུ་བསྐྱོད་ནས་ཐོ་འགོད་བྱེད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཤར་འདབས་སྡེ་ཁུལ་ཞིག་གི་གྲོང་མི་དབྱང་ཅན་གྱིས“བརྟག་དཔྱད་པས་ཁྱིམ་ཀྱི་སྒོ་རྩར་ཡོང་ནས་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་སྐོར་འདྲི་རྩད་བྱེད་པ་དང་། དྲི་བ་འདོན་སྐབས་ཚད་དང་ལྡན་ཞིང་ངང་རྒྱུད་ཀྱང་རིང་པོ་འདུག བརྒྱུད་རིམ་ཧྲིལ་པོ་ཆེད་ལས་དང་ལྡན་ཞིང་ནུད་ཕྱོད་ཀྱང་ཆེན་པོ་འདུག”ཅེས་དྲན་གསོ་བྱེད་ཀྱིན་བརྗོད། ཐོ་ལེན་མཁན་2000ཙམ་གྱིས་གནམ་གཤིས་ངན་པ་ཅི་འདྲ་ལའང་མ་འཛེམས་པར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་བརྟག་དཔྱད་བྱ་ཡུལ་གྱི་སྡེ་ཁུལ་1421ལ་བསྐྱོད་དེ། ཉིན་15ཡི་རིང་དུད་ཚང་54560ཡི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ནུས་ཆེའི་ངང་ལེགས་སྒྲུབ་བྱས་ཡོད།
ཟླ་རེའི་ཚེས་1ཉིན་ནས་ཚེས་10ཉིན་བར་ནི་ཁེ་ལས་ཀྱི་རྣམ་གཞག་གཅིག་མཚུངས་རེའུ་མིག་གཅིག་སྡུད་ཐོག་དྲ་སྦྲེལ་བྱས་ནས་ཐད་འབུལ་བྱེད་པའི་འགག་རྩའི་སྐར་ཁུང་དུས་རིམ་ཡིན་པ་རེད། རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་ལས་སྒོ་ཁྲུའུ་དང་ཁང་ཁག་ཏུ་སྐྱོད་སྐབས། གང་སར་འབྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་ལས་དོན་མི་སྣས་ཚོང་དོན་ཚན་པ་དང་ཞབས་ཞུའི་ལས་རིགས་ཁེ་ལས་2000ཙམ་ལ་དམ་པོར་དམིགས་ནས་གོང་ཞུའི་མྱུར་ཚད་དང་གྲངས་གཞིའི་སྤུས་ཚད་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད།
2025ལོར། ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་རིམ་རྩིས་བརྒྱབ་ན་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆ་འཕྲིན་ཁག་207ཕུལ་བའི་ནང་བསྡོམས་རྩིས་དབྱེ་ཞིབ་ཀྱི་ཆ་འཕྲིན་ཁག་80དང་བསྡོམས་རྩིས་ཆེད་དོན་ཞིབ་འཇུག་གི་ཆ་འཕྲིན་ཁག་14ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་པར་བསྡོམས་རྩིས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
དུས་ཐོག་ཏུ་སྐུལ་འདེད་བཏང་ནས་འཐབ་ས་དང་པོར་འགག་སྒྲོལ་ཐུབ་པ།
གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་རྒྱལ་ཡོངས་ཞིང་ལས་ཡོངས་བཤེར་ཐེངས་བཞི་པའི་ཚོད་ལྟ་བྱ་ཡུལ་གྱི་འཐབ་ས་དང་པོར། ཡོངས་བཤེར་པས་ཞོགས་པའི་ཉི་གཞོན་ས་འཛིན་སྒེག་མོའི་ངོས་སུ་འཕྲོ་བའི་དུས་དང་བསྟུན་ཏེ་གྲོང་གསེབ་ཀྱི་དུད་ཚང་དུ་བསྐྱོད་ནས། ཡུལ་མིའི་སྡོད་ཁང་དང་ཞིང་ནང་དང་མུ་ཁར་ཕར་འགྲོ་ཚུར་འོང་བྱས་ཏེ། དུད་ཚང་མི་རེ་ངོ་རེའི་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་དང་། འབྲུ་རིགས་དང་ཟས་རིགས་ཆེན་པོའི་ཐོན་སྐྱེད། གྲོང་གསེབ་ཀྱི་གྲོང་མིའི་འཚོ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཡོད།
“གཙོ་གནད་ལས་དོན་ལ་དུས་ཐོག་ཏུ་བཀོད་གཏོང་མཐུན་སྦྱོར་བྱས་ནས། མཐུན་སྦྱོར་བྱས་པའི་བྱ་བ་དག་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་སྒྲུབ་པ་དང་ལས་ཀ་ལས་གཡོལ་ཐབས་གཏན་ནས་མི་བྱེད་པའི་འགན་ལེན་བྱས་པ” ས་སྐྱ་རྫོང་གི་ཞིང་ལས་ཡོངས་བཤེར་ཚོད་ལྟའི་ལས་དོན་ཁྲོད། གདན་ཞུ་བྱས་པའི་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་པ་43གྱིས་བོད་རྒྱ་སྐད་གཉིས་ཐོག་ནས་ཞིང་དུད་དང་འབྲེལ་གཏུག་ཞིབ་ཚགས་དང་དོན་ཚན་རེ་རེ་བྱས་ཏེ་ཆ་འཕྲིན་ལ་ཞིབ་བསྡུར་བྱས་ནས། རེའུ་མིག་ཐོག་བཀོད་པའི་ནང་དོན་ཚང་མ་ཚོད་ལྟའི་ལས་དོན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་སྟངས་སུ་ཕྱོགས་སྡོམ་གསེད་བཀྲོལ་བྱས་ཏེ། དུས་སང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་ལས་ཡོངས་བཤེར་ལས་དོན་སྤེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས(གྲོང་གསེབ་དཔལ་འབྱོར་བསྡོམས་རྩིས)ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་སྐལ་བཟང་ཀུན་དགའ་ཡིས“ཞིང་ལས་ཡོངས་བཤེར་ནི‘ཞིང་གསུམ’གྱི་རྨང་གཞི་གསལ་པོར་རྟོགས་པ་དང་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན། ཚོད་ལྟའི་ལས་དོན་ལ་ནར་འགྱངས་དང་སླ་བཅོས་སྤུ་ཙམ་ཡང་བྱེད་མི་རུང་། སྔ་ཙམ་སྐུལ་འདེད་དང་ཕྱོགས་སྡོམ་བྱེད་ཐུབ་ན། དུས་སང་ཕྱོགས་ཡོངས་ནས་ཡོངས་བཤེར་བྱེད་སྐབས་ལམ་ནོར་ཐེབས་མི་སྲིད་ལ་ལས་ཕྱོད་ཀྱང་ཆེ་རུ་གཏོང་ཐུབ”ཅེས་བརྗོད།
ཞིང་ལས་ཡོངས་བཤེར་ཕུད། ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་བཏང་ཞིང་། 2025ལོ་ནས་བཟུང་། རིམ་རྩིས་བརྒྱབ་ན་གཞི་རིམ་དང་བརྟག་དཔྱད་བྱ་ཡུལ་གྱི་མི་ཐེངས་1750ལྷག་ཙམ་ལ་ལས་སྒོའི་མཛུབ་ཁྲིད་ཞབས་འདེགས་ཞུས་ནས། བསྡོམས་རྩིས་ཟུར་བཙུགས་རྩིས་ཁྲ་བཟོ་སྐབས་ཚད་ལྡན་མེད་པ་དང་། གྲངས་གཞི་འཚོལ་བསྡུ་གནད་ལ་འཁེལ་པོ་མེད་པ། ལས་སྒོ་སྤེལ་སྐབས་བྱང་ཆུབ་པོ་མེད་པ་སོགས་ཀྱི་དཀའ་ངལ་དངོས་གཙོ་གནད་ཐོག་ཐག་གཅོད་བྱས་ཡོད།
དུས་ཐོག་ཏུ་སྒྲུབ་སྐུལ་བྱས་ནས་ཕན་ནུས་ཆེ་རུ་བཏང་བ།
“ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དུས་ཐོག་ཏུ་ལྟ་སྐུལ་དང་སྒྲུབ་སྐུལ་བྱས་ནས་སྒྲུབ་དཀའ་བའི་བྱ་བ་འཕྲལ་མར་སྒྲུབ་པ་དང་སྒུག་ཏུ་གཏན་ནས་མི་འཇུག་པའི་འགན་ལེན་བྱེད་དགོས”པའི་ལས་ཀའི་བླང་བྱ་འདི་རང་ལྗོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་རེ་རེའི་རྒྱུན་གཏན་གྱི་ལས་ཀའི་ཁྲོད་དོན་འཁྱོལ་བྱུང་ཡོད།
རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་གཞུང་དོན་ཁང་དུ་སྒྲུབ་སྐུལ་གསལ་ཐོ་གཅིག་རྩིས་བླངས་པ་དེ་ལས“སྒུག་ཏུ་གཏན་ནས་མི་འཇུག་པའི”ཤུགས་ཚད་མཐོང་ཐུབ། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་བསྡོམས་རྩིས་སྡེ་ཚན་གྱིས་ལོ་འཁོར་གྱི《གཙོ་གནད་ལས་འགན་དབྱེ་འབྱེད》བཟོས་ནས་བཀྲམ་སྟེ་དུས་ཚིགས་མི་རེ་ངོ་རེར་གཙོ་གནད་ལས་ཀའི་ཕན་འབྲས་ལ་སྐུལ་འདེད་གཏོང་ཚུལ་རྗེས་སྙེག་བྱེད་ཀྱི་ཡོད།
སྐུལ་འདེད་གཏོང་རྒྱུ་འགོར་ཞིང་ཕན་འབྲས་ཞན་རིགས་ལ་ཐད་ཀར་སྒོ་བྱང་བཀལ་ནས་སྒྲུབ་སྐུལ་བྱེད་པ་དང་འབྲེལ《སྒྲུབ་སྐུལ་གསལ་ཐོ》སྤྲོད་པ་དང་ཆབས་ཅིག རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་དོན་འཁྱོལ་བྱས་ཚུལ་གྱི་རྩིས་ཐོ་བཟོས་ནས་མུ་མཐུད་རྗེས་སྙེག་བྱེད་ཀྱི་ཡོད། 《གཙོ་གནད་ལས་ཀའི་ལྟ་བཤེར་བྱ་ཐབས(ཚོད་ལྟའི་ལག་བསྟར)》ལེ་ལག་ཚང་བའི་སྒོ་ནས་བཟོས་ཏེ“དུས་ཚིགས་རེར་བརྡ་ཁྱབ་རེ་གཏོང་རྒྱུ”དོན་འཁྱོལ་ནན་པོ་བྱས་ཏེ་ལོ་ཧྲིལ་པོའི་གཙོ་གནད་ལས་དོན་མཇུག་འགྲིལ་ཚད་100%ཟིན་པའི་འགན་ལེན་བྱས་པ་རེད།
དུས་ཡུན་རིང་པོའི་ནང་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱིས་གྲི་དངོ་རང་གཏད་བྱས་ཏེ“དུས་ཐོག་བཞི་དང་གཏན་ནས་མི་བྱེད་པ་བཞི”ལག་ལེན་བསྟར་ཚུལ་དེ་ལས་བྱེད་པའི་རྒྱུན་གཏན་གྱི་དཔྱད་ཞིབ་ནང་ཐད་ཀར་བཅུག་ནས་ལོ་འཁོར་གྱི་དུས་ཚིགས་བཞིར་རྒྱུན་གཏན་དཔྱད་ཞིབ་ཀྱི“ཡག་པོའི”རིམ་པ་ཡིན་པའི་ཅུས་ལས་ཁུངས་ཀྱི་གཞུང་ལས་པ་དང་ཁོངས་གཏོགས་བྱ་གཞག་ཚན་པའི་ལས་དོན་པ་དཔྱད་འདེམས་ཧུར་ཐག་བྱས་ཏེ། ཅུས་ཡོངས་ཀྱི་ཁྱབ་ཁོངས་ནང་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱེད་པ་དང“འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”སྟོན་ཕྱོགས་མངོན་གསལ་དོད་པོ་བཏོད་དེ། ཏང་ཡོན་དང་ལས་བྱེད་པའི་འགན་འཁྲི་འཁུར་བ་དང་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་སྐུལ་སློང་བྱས་ནས“འཇོན་ཐང་ཅན་བསྐོ་གཞག་དང་ཕུལ་བྱུང་ལ་བྱ་དགའ་སྤྲོད་པའི”མི་སྤྱོད་སྟོན་ཕྱོགས་ཆགས་རྒྱུར་སྐུལ་འདེད་བཏང་ཡོད།
འགོ་འཛུགས་ས་གསར་པའི་ཐོག་ནས་ལྗོངས་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས“རྒྱལ་ཁབ་ཀྱི་ཆེད་དུ་བསྡོམས་རྩིས་དང་དམངས་ཀྱི་ཆེད་དུ་བརྟག་དཔྱད”ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་བསྡོམས་རྩིས་ཞབས་ཞུར་བརྟེན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་བསྡོམས་རྩིས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།