བྱང་གནམ་མཚོ་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།
རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་བསྟུན་ནས། གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་དེ་བས་འཐུས་སྒོ་ཚང་བའི་སྒྲིག་བཀོད་དང་དེ་བས་ཚད་ལྡན་གྱི་ཞབས་ཞུར་བརྟེན་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུ་བ་ཞུ་བཞིན་ཡོད་ཅིང་། ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་ས་གནས་དེ་གའི་མང་ཚོགས་ལ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་ཐུབ་པར་བྱས་ཏེ། མཛེས་ལྗོངས་ལྟ་ན་སྡུག་པ་དང་མི་དམངས་འབྱོར་པ་རྒྱས་པའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད་པ་རེད།
ད་ཆའི་གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་བརྟེན་ནས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད་ཅིང་། 2024ལོར། འདམ་གཞུང་རྫོང་གིས་རྒྱལ་ཁབ་ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་གཏོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཡོད། ལོ་གཅིག་རིང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ་བརྒྱུད་འཛུགས་གཏོད་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2025ལོར། ས་གནས་དེ་གའི་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་5000བཏང་ནས་མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་ས་དང་། ལམ་སྟོན་མ་ལག རིག་ལྡན་ཡུལ་སྐོར་སྒྲིག་བཀོད། བདེ་སྲུང་། སྨན་བཅོས་ལེ་ལག་སོགས་གཙོ་གནད་ཐོག་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད། མིག་སྔར། འབྲེལ་ཡོད་ལས་གྲྭ་ཚང་མ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་། མཛེས་ལྗོངས་ཁུལ་གྱི་མཁྲེགས་ཆས་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་ཡོད་པ་རེད།
མཁྲེགས་ཆས་རིམ་སྤོར་གྱི་རྨང་གཞིའི་ཐོག་འདམ་གཞུང་རྫོང་གིས་ཞབས་ཞུ་ཚད་ལྡན་ཅན་དང་བྱེད་སྒོ་སྤུས་རྟགས་ཅན་གཏོད་པར་མཉམ་དུ་སྐུལ་འདེད་བཏང་ནས། རིག་གནས་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་རྒྱུན་མཐུད་ཕུན་སུམ་ཚོགས་སུ་བཏང་ཡོད། འབྲེལ་ཡོད་སྲིད་ཇུས་ལ་བརྟེན་ནས་གནམ་མཚོ་མཛེས་ལྗོངས་ཁུལ་རིན་མེད་ངང་སྒོ་ཕྱེ་བ་དང་། 2025ལོའི་དགུན་དུས་སུ་ཡུལ་སྐོར་བ་མི་ཐེངས་ཁྲི་6.63ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་བ་ཉུང་དུས་ཀྱི་དཀའ་གནད་ནུས་ལྡན་བསལ་ཡོད། རྫོང་ཡོངས་ཀྱི་མགྲོན་ཁང་33གྱིས་ལས་རིགས་མཐུན་ཚོགས་བཙུགས་ནས་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། སྐར་གསུམ་རིམ་པའི་མགྲོན་ཁང་4བསྐྲུན་ནས་སྤྱོད་འགོ་ཚུགས་པས། མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་སྣེ་ལེན་ཞུ་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ཡོད། 2025ལོར། “བརྩེ་སེམས་ལྡན་པའི་འདམ་གཞུང”གི་མེ་ཕུང་སྒོར་གཞས་དང་གནམ་མཚོའི་སྒོ་མོ་ཕྱེ་བའི་ཉིན་མོ་སོགས་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་བདེ་བླག་ངང་སྤེལ་ཞིང་། དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་ཚོ་སྟོང་ལས་བརྒལ་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་དུས་མཚུངས་ལས་30%འཕར་བར་སྐུལ་ཁྲིད་ཐུབ་སྟེ། གནམ་མཚོའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཡུལ་སྐོར་ཐོན་ལས་སྤུས་འཕར་རིམ་སྤོར་བྱུང་བ་དང་དུས་མཚུངས། འདམ་གཞུང་རྫོང་གིས་ས་གནས་དེ་གའི་མང་ཚོགས་ལ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱས་ཡོད། མཛེས་ལྗོངས་ཁུལ་གྱིས་མང་ཚོགས་ཀྱི་རྟ་ནོར་ཐོན་ཁུངས་ལ་གཅིག་གྱུར་དོ་དམ་དང་། ལས་ཞུགས་ལས་སྟེགས་སྐྲུན་པ། ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། ཡུལ་མིར་ཡུལ་སྐོར་ཐོན་ལས་ཁྲོད་ནས་ཡོང་འབབ་བརྟན་པོ་རག་པར་བྱས་པས། མཛེས་ལྗོངས་ཁུལ་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་བྱུང་ཡོད་པ་རེད།
“ང་ཚོས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་བཙུགས་པས། ཡུལ་སྐོར་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད། མཛེས་ལྗོངས་ཁུལ་གྱི་ཀུང་སིས་ལོ་རེར་ས་གནས་དེ་གའི་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་600བགོ་བཤའ་རྒྱག་གི་ཡོད། དེ་དང་ཆབས་ཅིག་སྒོ་འཛིན་རེའི་ནང་ནས་དངུལ་སྒོར་5བཏོན་ཏེ་ཁེ་སྤོགས་འཐོལ་པ་བགོས་ཏེ། མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་ཀྱི་ཡོད”ཅེས་འདམ་གཞུང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏུང་དབྱི་ཧང་གིས་བརྗོད།
རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་ནས་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་པའི་བར་དང་། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་བཏོད་པ་ནས་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པའི་བར། གནམ་མཚོ་མཛེས་ལྗོངས་ཁུལ་གྱིས་རྣམ་པ་གསར་རྐྱང་གི་ཐོག་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཏེ། ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།