དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འགྲིམ་འགྲུལ་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”བརྟན་དུ་བཏང་ནས་མང་ཚོགས་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་པ།

    —— ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ནུས་ཤུགས་ཡོད་རྒུས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-06

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་ཀྱིས་ཆེད་དོན་བཅོས་སྒྲིག་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་བསྟུད་མར་སྤེལ་ནས། ནུས་ཤུགས་ཡོད་རྒུས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱས་ཏེ། གྲོང་མི་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་པ་དང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་ཡོང་བར་རམ་འདེགས་བྱས་པ་རེད།

    ཆང་བཏུངས་འཁོར་གཏོང་བཅོས་སྒྲིག་ནན་པོ་བྱས་ནས་མཚན་མོའི་འགྲོ་ལམ་བདེ་འཇགས་སྲུང་བ།

    དུས་ཆེན་རྗེས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་མང་ཚོགས་འགྲོ་སྐྱོད་མང་བ་དང་། འདུ་འཛོམས་མང་བ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཉེན་ཁ་ཆེ་རུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལ་དམིགས་ནས། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་སྟོད་ལུང་བདེ་ཆེན་ཡན་ལག་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་གནད་སྨིན་ཞིབ་དཔྱད་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། ཁོངས་གཏོགས་ཁུལ་གྱི་ཞི་བདེ་ལམ་སོགས་གཙོ་གནད་ལམ་དུམ་དུ་མཚན་མོར་ཆང་བཏུངས་འཁོར་གཏོང་གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་གཅིག་སྡུད་སྤེལ་ཏེ། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་རྡུང་རྡེག་ནན་པོ་བཏང་བ་རེད།

    བྱ་སྤྱོད་སྤེལ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་རེ་རེ་བཞིན་ལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། ཁྲིམས་སྒྱུར་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དང་གཟབ་ནན་བྱུང་ཡོད། ཞིབ་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བའི་དོགས་ཡོད་ཁ་ལོ་བར་མི་དམངས་ཉེན་རྟོག་པས་རང་སར་དཔང་རྟགས་གཏན་འཁེལ་བྱས་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་ཐག་གཅོད་བྱས་པ་མ་ཟད། སྐྱོན་བརྗོད་བྱས་པ་དང་སློབ་གསོ་ནན་པོ་བརྒྱབ་པ་རེད།

    ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་སྤེལ་རིང“ཆད་གཅོད་དང་སློབ་གསོ་ཟུང་དུ་འབྲེལ་བའི”ཐབས་གཉིས་མཉམ་སྤྱོད་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཤིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁྲིམས་སྒྱུར་གྱི་བར་གསེང་གང་ལེགས་སྤྱད་དེ་རང་འགུལ་ངང་ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བ་དང་དེ་བཞིན་མཐའ་འཁོར་གྱི་མང་ཚོགས་ལ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་མ་ཟད། ཉེ་དུས་ས་གནས་དེ་གར་ཐོན་པའི་དཔེ་མཚོན་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ལས་འཛོལ་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཁྲིམས་འགལ་བྱེད་སྤྱོད་དེ་རིགས་ཀྱི་གནོད་འཚེ་ཚབས་ཆེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། གྱོད་དཔེ་ངོ་མའི་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་བརྡ་བཏང་སྟེ། རྒྱ་ཆེའི་ཁ་ལོ་བ་ཚོར་རང་རྟོགས་ངང་ཆང་བཏུངས་འཁོར་གཏོང་བཀག་འགོག་བྱ་རྒྱུའི་ཁྲིད་སྟོན་བྱས་ནས“རླངས་འཁོར་བཏང་ཚེ་ཆང་རག་མི་འཐུང་བ་དང་། ཆང་རག་བཏུངས་ཚེ་རླངས་འཁོར་མི་གཏོང་བའི”སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་བཏོད་ཡོད་པ་རེད།

    སློབ་གྲྭར་འགྲིམ་འགྲུལ་ཤེས་བྱ་དྲིལ་བསྒྲགས་བྱས་ནས་སློབ་མའི་བདེ་འཇགས་སྲུང་བ།

    སློབ་གྲྭའི་བདེ་འཇགས་དོན་ཆུང་མིན་པ་དང་། འགྲིམ་འགྲུལ་བདེ་འཇགས་བློ་ལ་ངེས་དགོས། ཁོངས་གཏོགས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་རྒྱུན་གཏན་གྱི་ཕྱིར་སྐྱོད་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ། སློབ་མ་དང་འབྲེལ་བའི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་དྲིལ་བསྒྲགས་མི་དམངས་ཉེན་རྟོག་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་པེ་ཅིང་སློབ་ཆུང་བུ་བཅོལ་ཁང་དང་། ལྷ་ས་པེ་ཅིང་སློབ་ཆུང་། དེ་བཞིན་ལྷ་ས་གྲོང་ཁྱེར་སློབ་འབྲིང་བདུན་པ་བཅས་སུ་བསྐྱོད་དེ་ལོ་ཚད་མི་འདྲ་བའི་སློབ་མའི་ཤེས་ཚད་ལ་དམིགས་ནས། ཕྲུ་གུ་ཚོར་ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི“ངེས་སྦྱོང་སློབ་ཚན”ཞིག་ཁྲིད་པ་རེད།

    ད་ཐེངས་ཀྱི་སློབ་གྲྭའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པས། བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། དེ་བཞིན་ཁྱིམ་བདག་བཅས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དང་རང་ངོས་སྲུང་སྐྱོང་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཏེ། སློབ་གྲྭའི་མཐའ་འཁོར་གྱི་འགྲིམ་འགྲུལ་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་བདེ་འཇགས་ཤར་བགྲོད་ཀྱི་ཕྱིར་སྐྱོད་ཁོར་ཡུག་གཏོད་པར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

    ཚན་རིག་དང་མཐུན་པའི་སྒོ་ནས་རླངས་འཁོར་ཤར་བགྲོད་ཐུབ་པར་བྱས་ཏེ་གཙོ་གནད་ས་ཁོངས་ཀྱི་སྒྲིག་ལམ་སྲུང་བ།

    རྒྱ་ཆེའི་མང་ཚོགས་ཀྱི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་གཏོང་བ་དང་། ལྷག་པར་དུ་དུས་མཚམས་གལ་ཆེན་གྱི་གཙོ་གནད་ས་ཁོངས་ཀྱི་འགྲིམ་འགྲུལ་ཤར་བགྲོད་ཐུབ་པའི་འགན་ལེན་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་པ་སྟེ། གླིང་སྐོར་ལམ་རྒྱུད་དང་འབྲས་སྤུངས་དགོན་པའི་མཐའ་འཁོར་སོགས་མི་ཚོགས་དང་རླངས་འཁོར་མང་བའི་ས་ཁོངས་སུ་ཉེན་རྟོག་པ་མང་དུ་བཏང་ནས་འགྲིམ་འགྲུལ་ལམ་སྟོན་དང་སྒྲིག་ལམ་སྲུང་སྐྱོང་བྱེད་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་སྟེ། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་བ་རེད།

    ལས་དོན་སྒྲུབ་རིང་། ལས་སྒྲུབ་མི་དམངས་ཉེན་རྟོག་པས་གོང་གསལ་གཙོ་གནད་ས་ཁོངས་ཀྱི་རླངས་འཁོར་འགྲུལ་བཞུད་དང་། མི་ཚོགས་མང་བའི་དུས་མཚམས། དེ་བཞིན་མཐའ་འཁོར་གྱི་འགག་སླ་བའི་ལམ་དུམ་བཅས་ལ་གནད་སྨིན་དབྱེ་ཞིབ་མཐའ་དཔྱོད་བྱས་ནས་ཚན་རིག་དང་མཐུན་པའི་ངང་ལས་སྒྲུབ་ས་ཚིགས་བཀོད་སྒྲིག་བྱས་པ་དང་། འགག་རྩའི་ལམ་མདོ་དང་གཙོ་གནད་ལམ་དུམ་དུ་སྒྲིག་ལམ་སྲུང་སྐྱོང་དང་། ཁག་འགྲེམས་ལམ་སྟོན། བདེ་འཇགས་དྲན་སྐུལ་བཅས་ཀྱི་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།