དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཐོན་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནགས་ཚལ་དང་རྩྭ་ཐང་གི་རྣམ་གྲངས་ཁག་གིས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་2.5ཙམ་ཡོང་བར་སྐུལ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-06

    “དེ་སྔོན་རི་མགོའི་ས་ཆ་མང་པོ་སྐྱ་ཐེར་ཐེར་རེད། ཡིན་ནའང་། ད་ཆ་གང་སར་སྔོ་ལྗང་གིས་ཁེངས་ཡོད། ང་ཚོས་ཤིང་འཛུགས་པ་དང་བདག་སྐྱོང་བྱེད་ཞོར་དུ་ད་དུང་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དགའ་གདོང་མཐུན་སྒྲིལ་གྲོང་གསར་གྱི་ཡུལ་མིས་མྱོང་ཚོར་ཟབ་མོས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་གནས་དེ་གའི་སྐྱེ་ཁམས་འཛུགས་སྐྱོང་ལ་འགྱུར་ལྡོག་དངོས་བྱུང་བའི་སྐོར་གླེང་སྐབས་འདི་ལྟར་བརྗོད་ཅིང་། ལོ་ལྔའི་རིང་སྣེ་གདོང་ཆུས་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་སྐྱེ་ཁམས་ལེགས་གཏོང་དང་དམངས་འཚོ་འགན་ལེན་ལ་དམིགས་ཏེ། ནགས་ཚལ་དང་རྩྭ་ཐང་གི་ལས་གྲྭ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་སྤུས་ཚད་མཐོར་གཏོང་། དེ་བཞིན་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བཅས་ལ་གཞི་ཁྱོན་ཆེན་པོས་སྐུལ་འདེད་གཏོང་བར་བརྟེན་ནས། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་19.9བཏང་བས། དེ་སྔའི་རི་རྒོད་རིམ་གྱིས་སྔོ་ལྗང་ཅན་དུ་གྱུར་ཡོད་ལ་མང་ཚོགས་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ནས། སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཐོན་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྣེ་གདོང་ཆུས་ཀྱིས་སྐྱེ་ཁམས་འཛུགས་སྐྱོང་ལས་གྲྭ་བརྒྱུད་རིམ་ལྡན་པའི་སྒོ་ནས་ལག་ལེན་བསྟར་ནས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་ཕྱོགས་ཡོངས་ནས་བརྟན་དུ་བཏང་ཡོད། དེ་ཡང་རྩྭ་ཐང་སླར་གསོ་དང་ནགས་བཟོའི་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས། རྩྭ་ཐང་སླར་གསོ་དང་ཕུར་འཛུགས་ནགས་བཟོ་སོགས་ཀྱི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་། མི་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི་20བཏབ་པ། རྩྭ་ཐང་མུའུ་ཁྲི་20.04ཡི་ས་རྒྱུ་ལེགས་སུ་བཏང་བ། རྩྭ་ར་ལོ་བསྙལ་གྱི་ལྕགས་ར་སྨི་ཁྲི་9.6བསྐོར་བས། རྩྭ་ཐང་གི་སྐྱེ་ཁམས་སྤུས་ཚད་ལེགས་སུ་ནུས་ལྡན་ཕྱིན་ཡོད། དེ་དང་དུས་གཅིག་ཏུ་བྱེ་ཐང་དུ་འགྱུར་བའི་ས་ཆ་མུའུ་ཁྲི་0.8ལ་བཅོས་སྒྲིག་བྱས་པ་དང་། ཉམས་ཞན་དུ་གྱུར་པའི་ནགས་ཚལ་མུའུ་6505ལ་སླར་གསོ་བྱས་པ། གནམ་བཤོས་ནགས་འདེབས་མུའུ་ཁྲི་36.66བྱས་པ། རི་རྒྱ་བསྡམས་ནས་ནགས་གསོ་མུའུ་ཁྲི་10.2བྱས་པ། ནགས་ཚལ་མུའུ་ཁྲི་2ལ་བདག་སྐྱོང་བྱས་ནས། རི་རྒོད་དང་ས་རྒོད་རིམ་བཞིན་སྔོ་ལྗང་ཅན་དུ་གྱུར་པར་བྱས་པ་རེད།

    སྐྱེ་ཁམས་འཛུགས་སྐྱོང་བྱེད་རིང་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྣེ་གདོང་ཆུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་རྣམ་གྲངས་སྣ་ཚོགས་ཀྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་ཁྲི་22ལ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་མང་ཚོགས་ལ་ཡོང་འབབ་སྒོར་དུང་ཕྱུར་2.5ཙམ་ཡོང་བར་རོགས་རམ་བྱས་ཡོད། ཡུལ་མི་ཚོས་ཤིང་འཛུགས་ནགས་བཟོ་དང་། རྩྭ་ཐང་བདག་སྐྱོང་། ཤིང་སོན་འདེབས་གསོ་དང་། ལས་གྲྭ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ནང་ཞུགས་པས་ཁྱིམ་གྱི་སྒོ་རྩ་ནས་ལས་ཀར་ཞུགས་ཏེ་ཡོང་འབབ་གསོག་ཐུབ་པ་བྱུང་ཡོད་ལ་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཐུབ་པ་བྱུང་ཡོད། དེའི་ནང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་སྣེ་གདོང་དུམ་བུ་ཁོ་ན་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་2ཙམ་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། མང་ཚོགས་ཀྱིས་ལྗང་མདོག་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ་དང་སྦྲགས་ཡོང་འབབ་རྒྱུན་མཐུད་མང་དུ་གཏོང་ཐུབ་ཡོད་པ་རེད།

    དེང་གི་ཆར་སྣེ་གདོང་ཆུས་ཀྱི་རི་བོ་དེ་བས་སྔོ་ལྗང་དང་། ཆུ་མོ་དེ་བས་དྭངས་གཙང་། གྲོང་སྡེ་དེ་བས་གྲལ་འགྲིག་པོར་གྱུར་ཡོད་ལ། ཡུལ་མིའི་འཚོ་བ་ནི་ཇེ་ལེགས་ནས་ཇེ་ལེགས་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།