དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས། རི་རྒོད་སྔོ་ལྗང་ཅན་དུ་བསྒྱུར།

    —— རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཤིང་འཛུགས་ནགས་བཟོའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-06

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་720.67བྱས་པས་ནགས་ཚལ་ཁེབས་ཚད་12.54%མཐོ་རུ་ཕྱིན་ཡོད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ནགས་བཟོ་མུའུ་ཁྲི་110.87བྱས་ནས་ཤིང་སོན་རྐང་དུང་ཕྱུར་1.25ལྷག་ཙམ་བཏབ་པར་སྤྱིའི་གསོན་ཚད་85%ཡན་ཟིན་ཡོད། ད་དུང་མི་ཐེངས་ཁྲི་370ལྷག་ཙམ་འོས་འགན་ཤིང་འཛུགས་ནང་ཞུགས་ཡོད་པ་རེད། བཀྲག་མདངས་འཚེར་བའི་གྲངས་གཞི་འདི་དག་ནི་རང་ལྗོངས་ཀྱི་ཤིང་འཛུགས་ནགས་བཟོའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཕྱིན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་པ་མ་ཟད། བོད་ཀྱི་བུ་ཕྲུག་ཚོས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ལྗང་མདོག་གི་སྒུལ་ཤུགས་བསྣན་པ་ཞིག་དེ་བས་ཀྱང་རེད།

    ཚན་རིག་དང་མཐུན་པའི་འཆར་གཞི་བཀོད་པས།

    རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་ལས་དོན་སྐས་རིམ་གསར་པར་སླེབས་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་གཙོ་བོར་བརྩིས་ཤིང་། ལྗོངས་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་གཙོ་གནད་ལས་འགན་གྱི་ཁོངས་སུ་བཅུག་སྟེ། གོང་ནས་འོག་བར་གྲོང་ཁྱེར(ས་ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གི་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཁར། ཡར་ཀླུང་གཙང་པོ་སོགས་གཙང་པོ་རྒྱུག་ཁུལ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་འཁོར་སོགས་འགག་རྩའི་ས་ཁོངས་ལ་དམ་པོར་དམིགས་ནས། གནད་སྨིན་ཤུགས་འདོན་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་གིས་ཤིང་འཛུགས་ནགས་བཟོ་དང་། རི་རྒྱ་བསྡམས་ནས་ནགས་ཚལ་གསོ་བ། ཉམས་ཞན་དུ་སོང་བའི་ནགས་ཚལ་དང་རྩྭ་ཐང་སླར་གསོ་བྱེད་པ་སོགས་ཀྱི་ལས་གྲྭར་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བ་རེད།

    ཤིང་སོན་འདེམས་པའི་ཐད་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་སྔོ་འགྱུར་འདུ་ཤེས་བརྟན་པོ་བཅངས་ཏེ། རྒྱལ་རྩེའི་གླ་ཚེར་དང་སྒྲོན་ཤིང་སོགས་བོད་ལ་འཕྲོད་པའི་ཤིང་སོན་སྔོན་ལ་བདམས་པ་དང་། རྒྱུན་དུ་སྔོན་པོར་སྡོད་པའི་ཤིང་སོན་དང་ལོ་མ་ཟགས་ཤིང་མེ་ཏོག་བཞད་རྒྱུ་ཡོད་པའི་ཤིང་སོན་གཉིས་ལུགས་མཐུན་ངང་བསྲེས་ནས་བཙུགས་པར་སྔོ་ལྗང་ཅན་དུ་འགྱུར་བའི་ཕན་འབྲས་འགན་ལེན་དང་ས་མཐོའི་སྐྱེ་ཁམས་ཀྱི་ཁྱད་ཆོས་མངོན་པ་མ་ཟད། ཤིང་སོན་ཚང་མ་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་ལོ་འདབ་རྒྱས་ཐུབ་པ་བྱས་ཡོད།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ནི་བོད་ཀྱིས་གཞི་ཁྱོན་ཆེན་པོས་རི་བོར་ཤིང་འཛུགས་པའི་སྐྱེ་ཁམས་སླར་གསོའི་གཙོ་གནད་ལས་གྲྭ་ཐོག་མ་དེ་ཡིན་ཞིང་། ལས་གྲྭ་ལག་ལེན་བསྟར་ཚུན། ཐོག་མཐའ་བར་གསུམ་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་དང་ཚན་རིག་དང་མཐུན་པའི་ངང་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་དང་། “ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་མཉམ་སྒྲུབ། རིམ་པ་དབྱེ་ནས་འགན་འཁུར་བ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ནས། “ཆུ་དང་། ས། ལམ། ཤིང་། ལག་རྩལ། དོ་དམ”བཅས་འགན་ལེན་གྱི་རྒྱུ་རྐྱེན་གཙོ་བོ་དྲུག་ལ་སྤྱི་འདོམས་བྱས་ཡོད། ལོ་ལྔའི་རིང་རིམ་རྩིས་བརྒྱབ་ན། ལས་གྲྭས་ནགས་བཟོ་མུའུ་ཁྲི་110.87བྱས་པ་དང་། ཤིང་སོན་རྐང་དུང་ཕྱུར་1.25ལྷག་ཙམ་བཙུགས་ཡོད་པ་མ་ཟད། ལྷན་སྦྱར་གྱི་སྒྲིག་བཀོད་འཕྲུལ་ཁྲོན་76དྲུས་པ་དང་། ཆུ་འཐེན་ས་ཚིགས་279བཟོས་པ། ཆུ་གསོག་རྫིང་བུ་1679བསྐྲུན་པ། ཆུ་འདྲེན་མདོང་ལམ་སྨི་ཁྲི་400ལྷག་ཙམ་ཁྲིད་ནས། གཞི་གཅིག་ཅན་གྱི་བློ་རིག་ཆུ་འདྲེན་འགན་སྲུང་མ་ལག་བཏོད་པས་ན། ས་མཐོའི་སྐམ་ཤས་ཆེ་བ་དང་། ས་བབ་མཐོ་བ། གྲང་ངར་ཆེ་བ། གསོ་རླུང་དཀོན་པ་བཅས་ཀྱི་ཁུལ་དུ་མི་ཐབས་ལ་བརྟེན་ནས་ནགས་ཚལ་བཟོ་བའི་དཀའ་གནད་བསལ་བ་མ་ཟད། དཔེ་རུ་ལེན་ཆོག་པ་དང་ཁྱབ་གདལ་དུ་གཏོང་ཆོག་པའི་བོད་ཀྱི་ཉམས་མྱོང་འཚོལ་ཞིབ་ཐུབ་ཡོད་ལ་ས་བབ་མཐོ་བའི་ས་ཁུལ་དུ་སྐྱེ་ཁམས་སླར་གསོ་བྱེད་སྟངས་གསར་པ་ཞིག་ཀྱང་བཏོད་ཐུབ་ཡོད་པ་རེད།

    སྲིད་ཇུས་ཀྱིས་ཐ་སྐྱོང་བས།

    སྔོ་འགྱུར་གྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། སྲིད་ཇུས་ཀྱིས་ཐ་སྐྱོང་བྱས་པར་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གིས་སྔོ་འགྱུར་ལས་དོན་དེ“སྲིད་གཞུང་གིས་གཙོ་ཁྲིད”བྱེད་པ་ནས“དམངས་ཡོངས་ཀྱིས་མཉམ་སྐྲུན”བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ས་མཐོའི་རི་རྒོད་སྔོ་ལྗང་ནགས་ཚལ་དུ་འགྱུར་བའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་ཡོད།

    སྲིད་ཇུས་ཀྱི་ཁྲིད་སྟོན་འོག རང་ལྗོངས་ཀྱི་ཁེ་ལས་73གྱིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ས་ཆ་མུའུ་ཁྲི་23ལྷག་ཙམ་དུ་ནགས་ཚལ་བཟོ་རྒྱུ་འགན་གཙང་བླངས་པ་དང་སྤྱི་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་20ཙམ་སྐུལ་སློང་ཐུབ་ཡོད། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་གོང་དཀར་དུམ་བུའི་ཡུག་ཁུལ་11པར་བོད་ལྗོངས་སེན་ཐུའོ་ཡཱ་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཅིན་ཧུའེ་ཡིས་དེ་གའི་སྐྱེ་ཁམས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བར་དཔང་པོ་བྱེད་བཞིན་ཡོད་དེ། ཁོང་གིས“དེ་སྔོན་འདི་གར་ཐལ་རླུང་ཧ་ཅང་ཆེན་པོ་རྒྱག་གི་ཡོད་པས། གནམ་གྲུ་འབབ་པ་དང་འཕུར་བར་ཤུགས་རྐྱེན་བཟོ་གི་ཡོད། ད་ཆ་ཐལ་རླུང་སྔོན་མའི་ལྡབ་གཅིག་ཙམ་ཉུང་དུ་ཕྱིན་ཡོད་པ་དང་། ཆར་ཆུ་ཡང་རིམ་བཞིན་འབེལ་དུ་འགྲོ་བཞིན་ཡོད་པས། རི་རྒོད་སྔོ་ལྗང་ཅན་དུ་འགྱུར་བཞིན་འདུག”ཅེས་བརྗོད། ཁེ་ལས་ཀྱིས་མ་དངུལ་བཏང་བ་དེས་སྔོ་འགྱུར་ལས་གྲྭར་མ་དངུལ་གྱི་ཆ་ནས་གསོན་ཤུགས་བསྣན་ཡོད་པ་མ་ཟད། ས་གནས་དེ་གའི་ལས་ཞུགས་འབབ་འཕར་ལ་དེ་བས་སྐུལ་ཁྲིད་ཐུབ་ནས་སྐྱེ་ཁམས་དང་དཔལ་འབྱོར་གཉིས་ཀར་ཕན་འབྲས་ཐོན་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྲིད་ཇུས་ཁག་ལས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་མི་ཐེངས་ཁྲི་990ཐག་ཉེ་སར་ལས་ཀར་ཞུགས་པར་སྐུལ་ཁྲིད་ཐུབ་ཡོད་པ་དང་འབབ་འཕར་སྒོར་དུང་ཕྱུར་32ཙམ་བྱུང་སྟེ། ས་མཐོའི་སྔོ་འགྱུར་གྱི་མ་དངུལ་དང་མི་ཤུགས་མི་འདང་བའི་དཀའ་གནད་བསལ་ཡོད་ལ། “ནགས་སྲུང་ལ་ཡོང་འབབ་ཡོད་པ་དང་སྐྱེ་ཁམས་སྲུང་སྐྱོང་ཐུབ་པའི”འཁོར་རྒྱུག་བཟང་པོ་མངོན་འགྱུར་བྱུང་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གཉིས་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཀྱི་དཔེ་ཟླར་གྱུར་ཡོད་པ་རེད།

    དམངས་ཡོངས་ཞུགས་པས།

    ལྗང་མདོག་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ།

    “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་སྐུལ་འདེད་ཤུགས་ཆེན་བཏང་བ་མ་ཟད་སྣེ་ཁྲིད་དཔེ་སྟོན་གྱིས་ལོ་འཁོར་གྱི་འོས་འགན་ཤིང་འཛུགས་ནང་ཞུགས་ནས་སྤྱི་ཚོགས་ཡོངས་ལ་མིག་དཔེ་བསྟན་ཡོད། དེར་བརྟེན་ཏང་སྲིད་ཀྱི་ལས་བྱེད་ལས་བཟོ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། དགེ་སློབ། ཞིང་འབྲོག་མང་ཚོགས་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་བྱ་ཐབས་སྣ་ཚོགས་སྤྱད་དེ་ཤིང་འཛུགས་ནགས་བཟོའི་བྱ་གཞག་ནང་ཞུགས་ཡོད།

    2023ལོའི་ཤིང་འཛུགས་དུས་ཆེན་རིང་། “ངས་གངས་ལྗོངས་ས་མཐོར་སྔོ་ལྗང་གསར་པ་སྐྲུན”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། དྲ་ཐོག་ཏུ་ཞལ་འདེབས་རྒྱག་པ་དང་ཡུལ་དངོས་སུ་འདེབས་འཛུགས་སོགས་བྱེད་སྟངས་ལ་བརྟེན་ནས་སྤྱི་ཕན་མ་དངུལ་སྒོར་ཁྲི་1861ལྷག་ཙམ་གྲབས་གསོག་བྱས་པ་དང་། མི་ཐེངས་ཁྲི་42.67ཞལ་འདེབས་ནང་ཞུགས་རྒྱུར་བསྐུལ་བས་དམངས་ཡོངས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་པར་སྔར་བས་སྟབས་བདེ་བསྐྲུན་ཡོད།

    ལོ་ལྔའི་རིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་370ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་དང་ས་ཆ་མུའུ་ཁྲི་52ཙམ་ལ་ཤིང་སོན་སྣ་ཚོགས་རྐང་ཁྲི་1850ལྷག་ཙམ་བཙུགས་ནས་ལྗོན་ཤིང་འདེབས་འཛུགས་དང་དེར་སྲུང་སྐྱོང་བྱེད་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནགས་བཟོ་སྔོ་འགྱུར་ལས་གྲྭ་རབ་དང་རིམ་པ་ལག་ལེན་བསྟར་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་པ་དེས་བོད་ཀྱི་ཁོར་ཡུག་གི་སྤུས་ཚད་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་དུ་སླེབས་ཤིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.9%ཟིན་པ་དང་། གཙང་པོ་དང་། ཆུ་བོ། མཚོ་མོ་བཅས་གཙོ་བོའི་ཆུའི་སྤུས་ཚད་ལེགས་པ་དང་ས་ངོས་ཀྱི་ཆུའི་སྤུས་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་སྤྱིའི་ཆ་ནས་རང་བྱུང་གདོད་མའི་ཚུལ་དུ་གནས་པས། བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།