དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཟམ་པ་གཅིག་གིས་ངོགས་གཉིས་དམ་པོར་སྦྲེལ། འཕྲང་ལམ་དོག་མོ་ཡངས་པའི་ལམ་བུར་གྱུར།

    —— ནག་ཆུ་གཙང་པོའི་སྟེང་གི་ཟམ་པ་གསར་པ་དགུ་ཡིས“ཕན་ཚུན་མིག་གིས་མཐོང་བ་ལས་རླངས་འཁོར་ཤར་གཏོང་མི་ཐུབ་པའི”ལོ་རྒྱུས་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-06

    ཉིན་ཤས་གོང་། གསར་འགོད་པ་ནག་ཆུ་གྲོང་རྡལ་ནས་ཐོན་ཏེ་ནག་ཆུ་གཙང་པོའི་རྒྱུད་དུ་བཅར་འདྲིར་བསྐྱོད། རླངས་འཁོར་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་ཡིན་པའི་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་འགྲམ་དུ་སླེབས་སྐབས་ཨར་འདམ་ལྕགས་རྩིབ་མའི་ཟམ་ཆེན་གསར་རྐྱང་ཞིག་བརྒྱབ་ཡོད་པ་དེས་ངོགས་གཉིས་ཀྱི་ཨུ་སུ་ནང་མ་དང་། ན་མོ་ལུང་། དཀར་ཆེན་སོགས་གྲོང་སྡེ་ཕན་ཚུན་འབྲེལ་མཐུད་ཐུབ་སྟེ་ས་ཆ་གཉིས་པོ་དུས་ཡུན་རིང་པོའི་ནང་ཆུ་མོ་གཅིག་གིས་བར་བཅད་པའི་ལོ་རྒྱུས་མཇུག་འགྲིལ་བ་མཐོང་བྱུང་།

    “དེ་གོང་གཙང་པོ་སྒྲོལ་དགོས་བསམ་ན་ལམ་ཐག་སྤྱི་ལེ་50ལྷག་ཙམ་སྐོར་ནས་འགྲོ་དགོས” “ད་ཆ་ཧ་ཅང་མགྱོགས་པོ་འདུག ཕར་ཕྱོགས་ཀྱི་ཐོན་ལས་གླིང་དུ་འོ་མ་སྐྱེལ་བར་ཕྱིན་ན་སྐར་མ་ཁ་ཤས་ནང་སླེབས་ཀྱི་འདུག”ཅེས་ཨུ་སུ་ནང་མ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་དབང་གྲགས་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    དེ་ནི་ན་ནིང་ལོ་མཇུག་ཏུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་གསེར་རྙེད་ཆུས་ཀྱི་སྣེ་འདྲེན་ཁེ་ལས་ནས་ནག་ཆུ་གྲོང་རྡལ་དཀར་ཆེན་གྲོང་ཚོའི་བར་གྱི་ཟམ་པའི་ལས་གྲྭ་དེ་རེད། “ས་བབ་མཐོ་བའི་འབྲོག་ཁུལ་དུ་ལམ་ཐག་སྤྱི་ལེ་50སྐོར་མི་དགོས་པ་དེས་ག་རེ་མཚོན་གྱི་ཡོད་དམ་ཞེ་ན། དེས་འགྲོ་ཐེངས་གཅིག་ལ་ཉིན་ཕྱེད་ཀྱི་དུས་ཚོད་གྲོན་ཆུང་ཐུབ་པ་དང་། འོ་མ་སོས་པ་ལས་སྣོན་བཟོ་གྲྭར་དེ་བས་མགྱོགས་པ་སྐྱེལ་ཐུབ་པ་མཚོན་གྱི་ཡོད”ཅེས་གསེར་རྙེད་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧའོ་ཀྲོང་ཀྲོང་གིས་ངོ་སྤྲོད་བྱས།

    དེ་སྔ་དུས་སྐབས་ཤིག་རིང་གསེར་རྙེད་ཆུས་ཁོངས་ཀྱི་ནག་ཆུ་གཙང་པོའི་སྟེང་དུ་ཟམ་པ་6ལས་མེད་པ་དང་དེའི་ནང་ནས་ཟམ་པ་4ནི་ལྕགས་སྒྲོམ་ཟམ་པ་ཡིན་པས་འགྲོ་སྐྱོད་བྱེད་ནུས་ལ་ཚད་བཀག་ཡོད་པ་དང་ལམ་ངོས་ཀྱི་ཆ་རྐྱེན་ཞན་པས། གྲོང་ཚོ་མང་པོ་ཞིག་ཕར་བལྟས་ཚེ་ཐག་ཉེ་ཡང་དོན་དངོས་ཐོག་རི་ཀླུང་བརྒལ་ཏེ་ཉིན་ཕྱེད་ལྷག་འགྲོ་དགོས་པས། ངོགས་གཉིས་ཀྱི་མང་ཚོགས“གཙང་པོས་བར་བཅད་དེ་འགྲོ་སྐྱོད་བྱེད་དཀའ་བར”གྱུར་ཡོད། ད་ཆ་གསེར་རྙེད་ཆུས་ཀྱིས་ནག་ཆུ་གཙང་པོའི་སྟེང་དུ་ཁྱོན་བསྡོམས་ཟམ་པ་གསར་པ་5བརྒྱབ་པ་དང་ཟམ་པ་4སྒྱུར་བཀོད་བྱས་པས། བདེ་འཇགས་ལྡན་ལ་བརྟན་པ་དང་འགྲོ་སྐྱོད་བདེ་བའི་དེང་རབས་ཅན་གྱི་ཟམ་པ་དེ་དག་གིས་ངོགས་གཉིས་ཀྱི་མང་ཚོགས་འགྲོ་འོང་གི་འགྲིམ་འགྲུལ་འགག་གནད་བསལ་ཡོད།

    སྨི་100ལྷག་ཙམ་ལས་མེད་པའི་ཟམ་པ་དེ་ནི་མང་ཚོགས་འགྲོ་སྐྱོད་ཀྱི“མཐའ་མའི་འགག་གནད”བསལ་བའི་འགག་རྩ་དེ་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གསེར་རྙེད་ཆུས་ཀྱིས་དོན་དངོས་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་གཞིགས་ཏེ་ཟམ་པ་འཛུགས་སྐྲུན་ཐད་ཤུགས་སྣོན་བརྒྱབ་ནས་མང་ཚོགས་འགྲོ་སྐྱོད་ཐད་ཀྱི“མཐའ་མའི་འགག་གནད”བསལ་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འབྲེལ་མཐུད་མ་དངུལ་དང་། ཉེན་ཟམ་སྒྱུར་བཀོད་ཀྱི་མ་དངུལ། བོད་སྐྱོར་མ་དངུལ། སྲིད་གཞུང་གི་ནོར་སྲིད་ཀྱི་ལྷན་སྦྱར་མ་དངུལ་སོགས་རག་ཐབས་བྱས་ཏེ་ཟམ་པ་འཛུགས་སྐྲུན་གྱི་རྣམ་གྲངས་རིམ་པས་ལག་ལེན་བསྟར་ཏེ་ཁྱོན་བསྡོམས་མ་འཇོག་སྒོར་དུང་ཕྱུར་2.13བྱས་ནས་ཟམ་པ་94གསར་སྐྲུན་སྒྱུར་བཀོད་བྱས་ཏེ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་སྐྲུན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གསེར་རྙེད་ཆུས་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ“འགྲོ་སྐྱོད་དཀའ་བ”ནས“ཕྱོགས་ཡོངས་ལ་ཤར་གཏོང་ཐུབ་པའི”བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ་ལམ་དྲའི་གྲུབ་ཆ་ཉམས་ཞན་ནས་སྟོབས་ཆེའི་བར་དང་། ལམ་ངོས་ཆ་རྐྱེན་ཞན་པ་ནས་བཟང་པོའི་བར། མཁྲེགས་ལམ་མེད་པ་ནས་ཡོད་པ་དང་ཉུང་བ་ནས་མང་བ་བཅས་ཀྱི་བར་གྲོང་གསེབ་ཀྱི་འགྲིམ་འགྲུལ་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    བསྡོམས་རྩིས་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ཏུ་གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་དུ་ལམ་བུ་ཤར་གཏོང་ཐུབ་ཚད་66.6%དང་སྲིད་འཛིན་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་27%ཟིན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་གསེར་རྙེད་ཆུས་ཀྱི་ཤང་དང་གྲོང་རྡལ་དུ་ལམ་བུ་ཤར་གཏོང་ཐུབ་ཚད་100%དང་སྲིད་འཛིན་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་78%ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཏུ་གསེར་རྙེད་ཆུས་ཀྱི་སྲིད་འཛིན་གྲོང་ཚོར་ལམ་བུ་ཤར་གཏོང་ཐུབ་ཚད་95.89%ཟིན་ཡོད།

    མིག་སྔའི་བར་གསེར་རྙེད་ཆུས་ཀྱི་གྲོང་གསེབ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་1786.269ཟིན་པའི་ནང་མཁྲེགས་ལམ་སྤྱི་ལེ་1130.492ཟིན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི་གྲོང་གསེབ་གཞུང་ལམ་གྱི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་ཕྱིན་ཡོད།

    གྲོང་གསེབ་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་གསེར་རྙེད་ཆུས་ཀྱིས་ད་ལོ་སྦྲག་སྲིད་མྱུར་སྐྱེལ“དུད་ཚང་དུ་སྐྱེལ་བའི”ཞབས་ཞུ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བས། སྦྲག་སྲིད་རླངས་འཁོར་གྱིས་རྩྭ་ཐང་དང་རི་ཀླུང་བརྒལ་ཏེ་བསྐུར་མ་གནད་ལ་འཁེལ་པོས་འབྲོག་ཁུལ་མང་ཚོགས་ཀྱི་ཁྱིམ་དུ་སྐྱེལ་གྱི་ཡོད།

    ཧའོ་ཀྲོང་ཀྲོང་གིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གསེར་རྙེད་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས“གྲོང་གསེབ་ཀྱི་ཡག་པོ་བཞིའི་གཞུང་ལམ”བསྐྲུན་རྒྱུ་ལྟེ་བའི་དམིགས་ཚད་དུ་བྱས་ཏེ་གྲོང་གསེབ་ཀྱི་གཞུང་ལམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཞབས་ཞུའི་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། 2027ལོའི་ལོ་མཇུག་ཏུ་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད་100%ཟིན་ནས་ཆུས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་མཁྲེགས་ལམ་ཤར་གཏོང་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་གསར་འགོད་པར་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།