འགྲིམ་འགྲུལ་དེ་བས་གོ་རིམ་ལྡན། ཕྱིར་སྐྱོད་དེ་བས་སྟབས་བདེ་ཆེ།
—— ཕྱོགས་གསུམ་ཐད་ནས“ལྔ་གཅིག”གུང་གསེང་རིང་གི་ཕྱིར་སྐྱོད་ཞབས་ཞུའི་རྣམ་པ་གསར་པར་ལྟ་བ།
“ལྔ་གཅིག”གུང་གསེང་རིང་། ཡུལ་སྐོར་དང་། གཉེན་འཕྲད། སྤྲོ་གསེང་དུ་འགྲོ་མཁན་མང་བས། གང་སར་འགྲུལ་བཞུད་ཀྱི་ཚ་རླབས་དྲག་པོ་ཞིག་འཕྱུར་བཞིན་ཡོད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་ལས་མངོན་པར་གཞིགས་ན། “ལྔ་གཅིག”གུང་གསེང་རིང་། སྤྱི་ཚོགས་ཡོངས་སུ་ས་ཁོངས་སྒྲོལ་ཏེ་འགྲོ་སྐྱོད་བྱེད་མཁན་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་15.2ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར་3ལས་བརྒལ་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
ཕྱིར་སྐྱོད་ཀྱི་ཚ་རླབས་འཕྱུར་བ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་ནང་མཁོའི་གཏིང་ཤུགས་མངོན་ཡོད། ལྕགས་ལམ་དང་། གཞུང་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཁག་གསུམ་ལས་ཕྱིར་སྐྱོད་ཞབས་ཞུའི་ནུས་སྐྱེད་སྤུས་སྤོར་གྱི་འགྱུར་ལྡོག་གསར་པ་མཐོང་ཐུབ།
ཐོན་རྫས་གསར་པ་བཏོན་པས་འགྲུལ་པ་ཡུལ་སྐོར་བར་གྱུར་པ།
ཟླ་5ཚེས་1ཉིན་གྱི་ཆུ་ཚོད་8པ་ཙམ་ལ། “མཛེས་སྡུག་ལྡན་པའི་ཧྲང་རའོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། འགྲུལ་པ་260ལྷག་ཙམ་བླུགས་པའི་ལྟ་སྐོར་མེ་འཁོར་ཞིག་ཅང་ཤིས་ཧྲང་རའོ་འབབ་ཚུགས་ནས་ཐོན་ཏེ་དུས་ཡུན་སྐར་མ་37རིང་གི་དབྱིངས་ཞུགས་རྣམ་པའི་རིག་གནས་ཡུལ་སྐོར་བྱེད་འགོ་ཚུགས།
སྒེའུ་ཁུང་ཕྱི་རོལ་དུ་རི་ཆུ་རི་མོ་ལྟར་དུ་མཛེས་པ་དང་། མེ་འཁོར་ནང་ཁྲང་ཞི་ལྟད་མོ་ཆེ་བའི་ཁར་ཇའི་དྲི་ཞིམ་མངར་སང་སང་དུ་འཐུལ་འོང་། ཧྲང་རའོ་གྲོང་ཁྱེར་དབྱི་དབྱང་རྫོང་ཁོངས་སུ་འབྱོར་སྐབས། སྙན་འཇེབས་ལྡན་པའི་ཁྲང་ཞིའི་དབྱངས་རྟ་ཐོས་འཛིན་བུ་གར་ལྷང་ལྷང་དུ་གྲགས་པ་དང་། ལུས་ལ་འཁྲབ་ཆས་གྱོན་པའི་འཁྲབ་སྟོན་པ་ཚོས་འཁོར་སྒྲོམ་སྦྲེལ་མཚམས་ནས་དོན་ཡོང་སྟེ་འཁྲབ་སྟོན་བྱེད་འགོ་ཚུགས།
“མེ་འཁོར་ཧྲིལ་པོ་དང་འཁོར་སྒྲོམ་ཚང་མར་མཛེས་རྒྱན་སྤྲས་ཡོད་པ་དང་། ལྷག་པར་དུ་མཛེས་བཟོ་བསྐྱར་མ་བྱས་པའི་འཁོར་སྒྲོམ་ཁག་8ལས་རིག་གནས་ཀྱི་རྣམ་པ་ཟབ་མོ་མངོན་གྱི་འདུག”ཅེས་འབབ་ཚུགས་མཐའ་མར་འབྱོར་སྐབས། འགྲུལ་པ་ཀྲོའུ་ལིན་གྱིས་སྤྲོ་སྣང་ཆེན་པོས་བརྗོད།
“ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་མེ་འཁོར་གཅིག་སྡུད་ཐོག་བཏང་ཞིང་། གྲངས་གཞི་ལས་མངོན་པར། ཟླ་4པའི་ཟླ་མཇུག་ནས་ཟླ་6པའི་ཟླ་མཇུག་བར། ལྕགས་ལམ་སྡེ་ཚན་གྱིས་ཡུལ་སྐོར་མེ་འཁོར་ཁག་179གཅིག་སྡུད་ཐོག་གཏོང་རྩིས་ཡོད་པ་དེ་ཡུན་ནན་དང་། ཧོ་ནན། ཤིན་ཅང་སོགས་སུ་ཁྱབ་ཡོད་པར། ཡུལ་སྐོར་བའི་ཕྱོགས་ཐོན་གྱི་དགོས་མཁོ་སྣ་མང་དེ་བས་གང་ལེགས་སྐོང་ཐུབ་རྒྱུ་ཡིན་པ་རེད།
གཞུང་ལམ་གྱི་ཐད་ནས་བལྟས་ན། ལེའོ་ཉིང་གི་བརྗོད་དོན་གཙོ་བོའི་ཡུལ་སྐོར་གཞུང་ལམ་ཁག་10ཚང་མ་ཤར་གཏོང་ཐུབ་པའི་ནང་། ཏན་ཏུང་མཐའ་རྒྱུད་དང་གཙང་པོའི་འབབ་རྒྱུད་དུ་གཙོ་གནད་མཛེས་ལྗོངས་ཁུལ་ཁག་10ལྷག་ཙམ་ཡོད་པ་དང་། “ལྔ་གཅིག”གུང་གསེང་རིང་ཉིན་རེར་ཆ་སྙོམས་རླངས་འཁོར་འགྲུལ་བཞུད་བྱེད་ཚད་ཁྲི་4ལྷག་ཙམ་ཟིན་ཡོད་པ་རེད།
དམངས་སྤྱོད་མཁའ་འགྲུལ་ཐད་ནས་བལྟས་ན། ཧྲང་ཧའེ་ཧུང་ཆའོ་གནམ་ཐང་གིས་སྣེ་ཁྲིད་པའི་ལེགས་ཆ་བཏོན་ཏེ། རྒྱལ་མཚམས་ནས་འཛུལ་མཁན་དང་བརྒྱུད་སྐྱེལ་འགྲུལ་པ་རིན་པ་མེད་པར་ཡུས་ཡོན་སྐྱེད་ཚལ་དུ་ཉིན་ཕྱེད་རིང་ཡུལ་སྐོར་ལ་ཁྲིད་པ་དང་། ཧྲན་ཏུང་ཅི་ནན་གནམ་ཐང་གིས་མཁའ་འགྲུལ་ཀུང་སི་དང་མཛེས་ལྗོངས་ཁུལ་དང་མཉམ་དུ་འགྲུལ་པས་གནམ་གྲུའི་སྤ་སེ་བསྟན་ཚེ་མཛེས་ལྗོངས་ཁུལ་གྱི་སྤ་སེའི་ཚབ་བྱེད་ཆོག་པའི་བྱེད་སྒོ་སྤེལ་བ་སོགས་རེད།
དགོས་མཁོ་གསར་པ་དང་བསྟུན་པས་འགག་ གནད་ཀ་རྟེན་དུ་གྱུར་པ།
“དེ་སྔོན་ཡུལ་སྐོར་ལ་འགྲོ་སྐབས་རྟག་ཏུ་གཞན་གྱི་རླངས་འཁོར་ལ་སྡོད་དགོས་ཀྱི་ཡོད། ད་ལོ་སོ་སོས་མོ་ཊ་བཏང་ནས་ཡུལ་སྐོར་སྐྱིད་པོ་ཞིག་བྱེད་ཀྱི་ཡིན” “ལྔ་གཅིག”གུང་གསེང་རིང་། ཅང་སུའུ་ཝུའུ་ཤིས་ཀྱི་གྲོང་མི་ཝང་ལེང་གིས་རང་ཉིད་ཀྱི་བུ་ཁྲིད་དེ་རླངས་འཁོར་གླས་ནས་ཀྲེ་ཅང་ཉིང་པོ་ཡི་ཏུང་ཆན་མཚེའུར་ཡུལ་སྐོར་ལ་བསྐྱོད་པ་རེད། བྱ་རིམ་ཆུང་གྲས་ནས་མཛུབ་མོ་མནོན་ཐེངས་གཅིག་གིས་ནུས་རྒྱུ་གསར་པའི་རླངས་འཁོར་མངགས་ཆོག་པ་མ་ཟད། ད་དུང་རླངས་འཁོར་ཆེད་མངགས་སྒོ་རྩར་སྐྱེལ་བར་ཡོང་གི་ཡོད། ཝང་ལེང་གིས་གློག་སྡག་སྡག་བསགས་པའི་རླངས་འཁོར་བཏང་ནས་རྡོག་ཐོན་བྱས།
“གློག་སྡག་སྡག་བསགས་ནས་ཐོན་འགྲོ་བའི”གདེང་ཚོད་གང་ནས་བྱུང་ངམ་ཞེ་ན། དེ་ནི་གློག་གསོག་སྒྲིག་ཆས་རིམ་སྤོར་གསར་པ་བྱས་པ་ལས་བྱུང་བ་ཞིག་རེད།
G15ཧྲེན་ཧའེ་མྱུར་བགྲོད་གཞུང་ལམ་ཚི་ཁྲེང་ཞབས་ཞུའི་ཁུལ་དུ་སླེབས་སྐབས། གློག་སྡོང་ངམ་གློག་གསོག་ས་ཚིགས་ཁག་80ལྷག་ཙམ་གྲལ་འགྲིག་པོར་བཙུགས་ཡོད་པ་དང་། དེ་དང་མི་རིང་བའི་སར་ད་དུང་སྒུལ་བདེའི་གློག་གསོག་རླངས་འཁོར་ཞིག་བེད་སྤྱོད་བཏང་ཆོག་ཆོག་བྱས་ནས་བཞག་ཡོད་པ་རེད།
“ང་ཚོས་གཤེར་གྲང་གློག་གསོག་སྒྲིག་ཆས་རིམ་སྤོར་བྱས་པས་གློག་གསོག་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་སོང”ཞེས་རྒྱལ་ཁབ་གློག་དྲ་ཉིང་པོ་གློག་གཏོང་ཀུང་སིའི་གློག་གསོག་སྒྲིག་ཆས་བདག་སྐྱོང་ཉམས་བཟོ་བ་ཝུའུ་ཡུང་གིས་བརྗོད་པ་དང་། ཁོང་གིས། ཉེ་དུས་ཞབས་ཞུ་ཁུལ་འདིར་གློག་གསོག་ཚད་དུས་མཚུངས་ལས་20%ཙམ་འཕར་བ་དང་གློག་གསོག་རྒྱུར་བསྒུགས་ནས་སྡོད་མཁན་རླངས་འཁོར་སྤྱིར་ན་ཉུང་ཉུང་རེད་ཅེས་བརྗོད།
ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་དཀའ་བའི་གནད་དོན་ལ་དམིགས་ནས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ས་གནས་ཁག་ལ་གུང་གསེང་མ་བཞག་གོང་དུ་གློག་གསོག་མདའ་ཁག་གཅིག་སྤྱོད་དགོས་པའི་མཛུབ་སྟོན་བྱས་ཤིང་། མིག་སྔར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུའི་ཁུལ་98%ལ་གློག་སྡོང་ཁྲི་7ལྷག་ཙམ་བཙུགས་ཡོད་པ་རེད།
རྒྱལ་སྤྱིའི་དུས་གཏན་གནམ་གྲུ་ཉུང་དུ་བཏང་བའི་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། ཀྲུང་གོ་ཕྱོགས་ཀྱི་མཁའ་འགྲུལ་ཀུང་སི་མང་པོས་སྐྱེལ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་དང་། དུས་གཏན་གནམ་གྲུའི་གཉེར་སྐྱོང་འཆར་གཞི་བརྟན་དུ་བཏང་སྟེ། རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཡུལ་སྐོར་བའི་དགོས་མཁོ་དེ་བས་གང་ལེགས་བསྐངས་ཡོད། “ལྔ་གཅིག”གུང་གསེང་རིང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གྱིས་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་གཏོང་ཚད་དུས་མཚུངས་ལས་5.5%མང་དུ་བཏང་ཡོད་པ་རེད།
རྣམ་པ་གསར་པ་བཏོད་པས་འགྲུལ་པ་རྣམས་ཚོང་ཟོག་ཉོ་མཁན་དུ་གྱུར་པ།
ཟླ་5ཚེས་1ཉིན། པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་འབབ་ཚུགས་སུ་མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་། ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་16.6ལྷག་ཙམ་ཟིན་ཡོད་པ་རེད། བྲེལ་འཚུབ་ཆེན་པོས་ལམ་ལ་བཞུད་མཁན་འགྲུལ་པ་ཕུད། ད་དུང་འགྲུལ་པ་མི་ཉུང་བ་ཞིག་དེ་གར་དལ་དལ་ལྷོད་ལྷོད་ངང་ཁྲོམ་སྐོར་བཞིན་ཡོད།
ཞོའི་བྲོ་བ་ལྟ་བ་དང་། རིག་གནས་བསམ་བཀོད་ཚོང་ཁང་སྐོར་བ། བྱིས་པའི་རོལ་རྩེད་ར་བར་རྩེད་མོ་རྩེ་བ་སོགས། གནམ་གྲུར་བསྡད་ནས་ཕྱོགས་ལ་ཐོན་རྩིས་ཡོད་པའི་འགྲུལ་པ་ཧུང་ཆེ་གེ་མོའི་ནང་མི་གསུམ་པོས“གནམ་ཐང་ནི་ཚོང་ར་ཆེན་པོ་ལྟ་བུར་འགྱུར་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།
འགྲུལ་པ་དེ་དག་ཚོང་ཟོག་ཉོ་མཁན་དུ་གྱུར་དོན་ནི་གནམ་ཐང་གི་རྣམ་པ་བསྒྱུར་བས་རེད།
ཏ་ཤིང་གནམ་ཐང་ཚོང་ལས་དོ་དམ་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དབྱང་ཕུང་ཧྥེ་ཡིས“ཉེ་དུས་གྲགས་ཅན་སྤུས་རྟགས་མང་པོ་ཞིག་སྔ་རྗེས་སུ་འདི་གར་བཅའ་བཞུགས་བྱས་ཏེ‘པེ་ཅིང་གི་བྲོ་བ་དང་རྒྱལ་སྲོལ་ཟུང་འབྲེལ’གྱི་རྣམ་པ་གསར་པ་བཏོད་ཡོད། དར་སོ་ཆེ་བའི་ཐོན་རྫས་གསར་པ་དང་། རྙིང་ཁུངས་མིང་ཅན་གྱི་ཞིམ་ཟས། མངོན་མིན་རིག་གནས་ཤུལ་བཞག་གསར་གཏོད་སོགས་ཀྱི་ལས་རྣམ་གསར་པ་རྒྱུན་མཐུད་བཏོད་དེ། འགྲུལ་པའི་ཕྱོགས་ཐོན་དང་འཛད་སྤྱོད་ཀྱི་མྱོང་བ་ལེགས་སུ་བཏང་ཡོད”ཅེས་བཤད།
པེ་ཅིང་རྒྱལ་སའི་གནམ་ཐང་ཚོང་དོན་ཚད་ཡོད་ཀུང་སིའི་ཏ་ཤིང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཧུའེ་ཡིས“ང་ཚོས་རྒྱལ་ཁབ་ཕྱི་ནང་གི་འགྲུལ་པར་དམིགས་ནས་བྲིན་ཚོང་ལོན་གཅོག་གི་བྱེད་སྒོ་མང་པོ་སྤེལ་བ་ཡིན། ཟླ་5ཚེས་1ཉིན་ཏ་ཤིང་གནམ་ཐང་གི་ཚོང་ཁང་གི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་842.8ཟིན་པ་དེ་དུས་མཚུངས་ལས་11.7%འཕར་ཡོད”ཅེས་ངོ་སྤྲོད་བྱས།
རྒྱུན་འཁོར་བྱེད་བཞིན་པའི་ཀྲུང་གོར་དར་རྒྱས་གོང་འཕེལ་གྱི་གསོན་ཤུགས་རྒྱས་ཤིང་། ནུས་སྐྱེད་དང་། སྤུས་སྤོར། མཉམ་འདྲེས་བཅས་ཀྱི་ཕྱོགས་ཐོན་དཔེ་རིས་གསར་རྐྱང་ཞིག་ལས་ཀུན་གྱི་དོ་སྣང་བྱེད་པའི་གསོན་ཤུགས་རྒྱས་པའི་ཀྲུང་གོ་ཞིག་མངོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།