དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དམར་གཙང་རྫོང་གིས།

    སྔོག་འཐུའི་དཔལ་འབྱོར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-06

    དཔྱིད་རླུང་དྲོན་མོ་རྨ་ཙོང་ལུང་གཞུང་དུ་ལྡང་ཞིང་། ཡུག་གཅིག་ཏུ་འབྲེལ་བའི་དྲོད་ཁང་ཆེན་པོར་ས་མཐོའི་ཉི་འོད་རབ་ཏུ་འཕྲོས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཤང་མེ་དབྱི་གྲོང་ཚོའི་འབྲུ་སེའུ་སྔོན་པོར་ལོ་འདབ་རྒྱས་པ་དང་། དྲོད་ཁང་དུ་འབྲུ་སེའུ་སྔོན་པོའི་སྡོང་པོ་ཁྲི་4ཙམ་གྱི་སྐྱེ་འཚར་ཤིན་ཏུ་ལེགས། ད་ཆ་སྔོག་འཐུའི་དུས་ཚིགས་སུ་སླེབས་ཤིང་། མཚོ་སྔོན་དང་ཀན་སུའུ་ཡི་འབྲེལ་མཚམས་སུ་གནས་པའི་དམར་གཙང་རྫོང་མཱ་ཁྲང་ཡོན་ཤང་ཅིན་ཞིང་གྲོང་ཚོའི་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནང་དམར་མདངས་རྒྱས་པའི་འབྲས་བུའི་དྲི་ཞིམ་འཐུལ་ཞིང་ཡུལ་སྐོར་བ་རྒྱུན་ཆད་མེད་པར་སླེབས་ཀྱི་ཡོད། ལོ་འདབ་ཀྱི་གསེབ་ཏུ་འབྲི་ཏ་ས་འཛིན་གྱི་རྡོག་པོ་རེ་རེའི་མགོ་བོ་དུད་པ་དང་། རྟེན་གཞི་དེ་ཉིད་མི་རྣམས་འགྲོ་སའི་སྐྱེད་ཚལ་ཡིད་དུ་འོང་བར་གྱུར་ཡོད།

    ཁྱིམ་ཚང་མི་ཉུང་བ་ཞིག་ཟི་ལིང་དང་ལན་ཀྲོའུ་ནས་ཆེད་མངགས་རླངས་འཁོར་བཏང་སྟེ་ཡོང་གི་ཡོད་ཅིང་། ཁྱིམ་བདག་ཚོས་ཕྲུ་གུ་དང་མཉམ་དུ་སྔོག་འཐུའི་སྤྲོ་སྣང་མྱོང་རོལ་དང་། སྐྱེད་ཚལ་དུ་ལས་ཀ་བྱེད་པའི་དགའ་སྣང་ལ་ཉམས་ལེན་བྱེད་བཞིན་མཆིས།

    འདེབས་འཛུགས་དུད་ཚང་ཀུའོ་ཡུང་ཚང་གིས་འབྲི་ཏ་ས་འཛིན་དྲོད་ཁང་2བསྲུངས་ཏེ་ལས་བྲེལ་ཆེན་པོ་ཡོད་ཅིང་། ཁོང་ཁྱིམ་གྱི་འབྲི་ཏ་ས་འཛིན་བཅུ་ཆ་བརྒྱད་ཡན་ཙམ་ཡུལ་སྐོར་བ་སྒོ་རྩར་ཡོང་ནས་འཐུ་གི་ཡོད་པ་དང་། མང་ཤོས་སུ་ཉིན་གཅིག་ལ་འགྲུལ་པ་40ལྷག་ཙམ་ལ་སྣེ་ལེན་ཞུ་བ་དང་ན་ནིང་སྔོག་འཐུ་ཁོ་ནར་ཡོང་འབབ་སྒོར་ཁྲི་10ཙམ་བྱུང་ཡོད་པ་རེད།

    “ད་ཆ་རང་སོ་སོས་འཐུ་བར་དགའ་པོ་བྱེད་ཅིང་། ཤིང་ཏོག་སྨིན་མགྱོགས་སུ་གཏོང་གི་མེད་པས་སྤུས་ཚད་ལེགས་པ་མ་ཟད་ཉམས་ལེན་གྱི་སྤྲོ་སྣང་ཆེ་བས་ཡུལ་སྐོར་བ་ཡོང་འདོད་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ང་ཚོའི་ཡོང་འབབ་ཀྱང་དེ་དང་ཆབས་ཅིག་མང་དུ་འགྲོ་གི་འདུག”ཅེས་ཀུའོ་ཡུང་ཚང་གིས་བཤད་ཅིང་། ཁོང་གིས། དྲོད་ཁང་ནང་འདེབས་པ་ནས་སྔོག་འཐུའི་དཔལ་འབྱོར་རྒྱ་ཆེར་གཏོང་བའི་བར་གྱི་བསམ་བློར་འགྱུར་ལྡོག་ཕྱིན་པ་དེས་ཞིང་དུད་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད་ཅེས་བརྗོད།

    ཅིན་ཞིང་གྲོང་ཚོའི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་ནི་རྫོང་དེ་ཡོངས་ཀྱི་སྤུས་ལེགས་སྒྲིག་བཀོད་ཤིང་འབྲས་དཔེ་སྟོན་གླིང་ཞིག་ཡིན་པའི་ངོས་ནས་དེ་གའི་དྲོད་ཁང་243གྱི་ཁྱད་ལྡན་ཤིང་འབྲས་བཏབ་པར་མི་རྣམས་ཀྱི་དགའ་པོ་བྱེད་ཀྱི་ཡོད། གྲོ་མ་མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5ལས་བརྒལ་བ་དང་། འབྲི་ཏ་ས་འཛིན་མུའུ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.6ལས་བརྒལ་ནས་ཡུལ་མི་ཚོའི“ཕྱུག་འགྱུར་གླིང”ངོ་མར་གྱུར་ཡོད།

    ཅིན་ཞིང་གྲོང་ཚོ་ཙམ་མ་ཟད། དམར་གཙང་རྫོང་གི་སྔོ་ཚལ་རྟེན་གཞི་དང་ཤིན་མིང་ཤང་གི“ཤིང་འབྲས་ལྡུམ་རར”ཡང་སྔོག་འཐུའི་ཉམས་ལེན་ལ་དགའ་བསུ་ཆེན་པོ་ཐོབ་ཅིང་། མེ་ཏོག་ལ་མྱོང་རོལ་དང་། ཤིང་འབྲས་སྔོག་འཐུ། ཞིང་ཁྱིམ་གྱི་ཞིམ་ཟས་མྱོང་རོལ་བཅས་གཅིག་འཐུས་རྣམ་པའི་ཞིང་སྡེའི་ཉམས་ལེན་ལས་ས་མཐོའི་གྲོང་གསེབ་སྔར་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད་པ་རེད།

    འཁྲུག་ཆ་དོད་པའི་སྔོག་འཐུ་བྱེད་ས་དང་མི་འདྲ་བར་དམར་གཙང་རྫོང་ཀྲུང་ཁྲོན་ཤང་མེ་དབྱི་གྲོང་ཚོའི་འབྲུ་སེའུ་སྔོན་པོའི་རྟེན་གཞིས་དར་འཕེལ་ཡོང་བར་གཞོལ་ཅིང་། མཚོ་སྔོན་མེ་དབྱི་ལན་ཀྲེན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཚད་ལྡན་ཅན་གྱི་དྲོད་ཁང་ཆེན་པོ་50ཡི་ནང་དུ་ལག་རྩལ་མི་སྣ་དང་ལས་བཟོ་བས་ཡལ་བཞུར་རྒྱག་པ་དང་ཆུ་ལུད་སྙོམས་སྒྲིག་བྱེད་པར་བྲེལ་བཞིན་ཡོད་པ་མ་ཟད། མུའུ་90ཡི་འབྲུ་སེའུ་སྔོན་པོའི་ལྗང་བུར་གཡོག་བྱེད་གང་ལེགས་ཀྱང་བྱེད་ཀྱི་ཡོད། རྟེན་གཞིས་ས་མཐོའི་གྲང་ངར་ཆེ་བའི་གནམ་གཤིས་ལ་གཞིགས་ནས་ས་ཞིང་བ་ཚྭ་ཅན་གྱི་རྨང་རྒྱུ་འདེབས་གསོའི་ལག་རྩལ་ལེགས་སུ་གཏོང་བ་དང་རིག་ནུས་ཆུ་འདྲེན་དང་སོས་ཉར་འཁྱག་མཛོད་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བཟོས་ནས་རྗེས་མཐུད་ཐོན་འབབ་ལེགས་པོ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    དམར་གཙང་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཅུས་ཞིང་ལས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མཱ་ལི་ན་ཡིས་ངོ་སྤྲོད་བྱས་པར་གཞིཌ་ན། རྫོང་དེ་ཡོངས་ཀྱི་ད་ཡོད་སྒྲིག་བཀོད་དྲོད་ཁང་2391ལ་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ། དེ་བཞིན་འབྲི་ཏ་ས་འཛིན་དང་། འབྲུ་སེའུ་སྔོན་པོ། གྲོ་མ་སོགས་སྣ་ཁ་མང་པོ་བཏབ་ཡོད། ས་གནས་དེ་གས་སྲོལ་རྒྱུན་གྱི་འདེབས་འཛུགས་དང་སྤྲོ་གསེང་གི་ཉམས་ལེན་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཡུལ་སྐོར་བ་དྲོད་ཁང་དང་ཞིང་ནང་དུ་བསྐྱོད་པ་དང་། ཞིང་ཞོར་ཐོན་ཟོག“ཞིང་ནང”ནས“ལྕེ་རྩེའི”བར་དང་། “ཐོན་རྫས་འཚོང་བ”ནས་“ཉམས་ལེན་བྱེད་པའི”བར་འགྱུར་བར་བྱས་ཏེ། སྔོག་འཐུའི་དཔལ་འབྱོར་གྱིས་ས་མཐོའི་ཁྱད་ལྡན་ཞིང་ལས་དེ་རེག་ཐུབ་པ་དང་། ཞུགས་ཐུབ་པ། ཉམས་སུ་མྱོང་ཐུབ་པ་བཅས་ཀྱི་ཞིང་ནང་གི་ལས་རྣམ་གསར་པར་འགྱུར་བར་བྱས་ཡོད།

    དྲོ་སྐྱིད་ལྡན་ལ་འཁྲུག་ཆ་དོད་པའི་སྒྲིག་བཀོད་དྲོད་ཁང་ཆེན་པོ་རེ་རེ་དང་ས་མཐོའི་ཤིང་འབྲས་སོས་པ་རེ་རེས་ཡུལ་སྐོར་བའི་རེ་བ་སྐོང་ཐུབ་ཡོད་ལ། གྲོང་མི་ལའང་འབབ་འཕར་བྱུང་ནས་ས་མཐོའི་གྲོང་གསེབ་དར་རྒྱས་ལ་ཞིང་ནང་གི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།