རང་རྒྱལ་གྱི་འབྲི་གཡག་གི་ཁེ་ལུང་བེའུ་མང་པོ་ཞིག་རང་བཞིན་ངང་མངལ་གྲོལ་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་བོད་ལྗོངས་འདམ་གཞུང་རྫོང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་25ཉིན་ནས་ཟླ་4ཚེས་5ཉིན་བར། བོད་ལྗོངས(འདམ་གཞུང)བྲེ་སེར་འབྲོང་རྒྱུད་སྤེལ་ཞིབ་འཇུག་རྟེན་གཞིར་ཁག་གཉིས་པའི་འབྲི་གཡག་གི་ཁེ་ལུང་བེའུ་བཅུ་བཙས་ཤིང་། དེའི་ནང་བེའུ་ནག་པོ་3དང་བེའུ་དཀར་པོ་7ཡོད་པ་དང་། བེའུ་འདི་དག་གི་ལུས་ཁམས་དམིགས་ཚད་ཚང་མ་སྔོན་དཔག་ཚད་གཞིར་སླེབས་པ་མ་ཟད་འཚར་སྐྱེས་ཡག་པོ་ཡོང་བཞིན་ཡོད་པ་རེད།
2025ལོའི་ཟླ་7ཚེས་10ཉིན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཁེ་ལུང་རྒྱུད་བཤུས་བྱས་པའི་འབྲི་གཡག་གི་བེའུ་དང་པོ་དེ་འདམ་གཞུང་རྫོང་དུ་བདེ་བླག་ངང་བཙས་པ་དང་། མིག་སྔར་དེའི་ལུས་པོའི་ལྗིད་ཚད་རྒྱ་མ་366.5ཟིན་ཡོད།
སྤྱིར་བཏང་གི་བ་གླང་ཁེ་ལུང་རྒྱུད་བཤུས་བྱས་པ་དང་མི་འདྲ་བར། འབྲི་གཡག་ནི་དུས་ཡུན་རིང་པོར་ས་མཐོར་གསོ་རླུང་ཉུང་བ་དང་། རླུང་གནོན་དམའ་བ། འགྱེད་འཕྲོ་ཆེ་བ་བཅས་ཀྱི་ཁོར་ཡུག་དང་འཕྲོད་ནས་ཐུན་མོང་མ་ཡིན་པའི་ཕྲ་ཕུང་བརྗེ་ཚབ་ལམ་སྲོལ་ཆགས་ཡོད་པས། རྒྱུན་གཏན་གྱི་ཁེ་ལུང་རྒྱུད་བཤུས་ཇུས་གཞི་སྤྱོད་ཁག་པོ་ཡོད། དེར་བརྟེན། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་འདམ་གཞུང་རྫོང་མི་དམངས་སྲིད་གཞུང་དང་ཀྲེ་ཅང་སློབ་ཆེན་ཧྥང་ཧྲེང་གོ་ཚོགས་པ་དང་མཉམ་དུ་ཁམས་དམར་ཕྲ་ཕུང་ལུས་ཕྱིར་གསོ་སྤེལ་དང་སྦྲུམ་རྟེན་བསྐྱར་སྒྲིག་དང་ནུས་སློང་སོགས་ཀྱི་གསར་གཏོད་ལག་རྩལ་དམིགས་སའི་རང་བཞིན་གྱི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་ཏེ། ས་མཐོའི་འབྲི་གཡག་གི་ཁེ་ལུང་སྦྲུམ་རྟེན་བདེ་བླག་ངང་མངལ་ཆགས་པ་དང་འཚར་སྐྱེས་ཐུབ་པ་བྱས་ཡོད།
ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་བོད་ཀྱི་འབྲི་གཡག་གྲངས་འཛིན་ཅན་གྱི་རྒྱུད་སྤེལ་མ་ལག་བསྐྲུན་པར་རྒྱུན་མཐུད་སྐུལ་འདེད་བཏང་ནས། ཁེ་ལུང་ལག་རྩལ་དང་མི་ཐབས་རྒྱུད་སྤེལ་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད། སྤུས་ལེགས་འབྲི་གཡག་ཐོན་ཁུངས་མཁོ་སྤྲོད་ཀྱི་གནོན་ཤུགས་རིམ་བཞིན་ཆུང་དུ་བཏང་སྟེ། ས་མཐོའི་ཁྱད་ལྡན་འབྲོག་ལས་སྤུས་ཚད་མཐོ་བའི་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་རམ་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།