རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ནས་འགྲོ་འོང་དང་སྤེལ་རེས་ཟབ་ཏུ་གཏོང་བ།
“གཡག་གུ་ཇ་ཁང”ཧ་ཅང་འཁྲུག་ཆ་དོད།
ཉེ་ཆར། བོད་ལྗོངས་ཟློས་གར་ཁང་ཆེ་མོའི་འཁྲབ་ར་ཆུང་ངུར་འདྲ་བཟོ་བྱས་པའི་ཇ་ཁང་དེ་འཁྲུག་ཆ་དོད་ཅིང་། “སྐལ་བཟང་མེ་ཏོག”གི་རིམ་སྤེལ་རིག་གནས་བྱེད་སྒོའི་སྔོན་ལ་འཁྲབ་པའི་ཟློས་གར་ཞིག་ཡིན་པའི་ངོས་ནས“གཡག་གུ་སྒྱུ་རྩལ་ཚོད་ལྟའི་སྤྲོ་གླེང《ཇ་ཁང》”གིས་འཁྲབ་སྟོན་གྱི་འགོ་བརྩམས་པ་རེད།
“སྦྱིན་བདག་ལགས། ཡང་བསྐྱར་ཇ་མངར་མོ་གཅིག་དམ་གང་སྐྱེལ་རོགས”ཞེས་རྒྱུས་མངའ་ཆེ་བའི་སྐད་ཆ་དེས་བྱེད་སྒོའི་འགོ་བཙུགས་པ་དང“སྦྱིན་བདག”འཁྲབ་མཁན་གྱི་འཁྲབ་སྟོན་པས་བོད་ཆས་གྱོན་ཏེ་ལག་ཏུ་ཇ་དམ་ཁྱེར་ནས་གད་མོ་འཚེར་འཚེར་ངང་མགྲོན་པོ་རྣམས་ལ་ཇ་མངར་མོ་བླུགས་པ་དང་ལྷ་སའི་སྐད་ཀྱིས་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བཤད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་མི་རིགས་ཀྱི་ཞབས་བྲོ་འཁྲབ་མཇུག་འགྲིལ་མ་ཐག་དམངས་གཞས་གླུ་པས་སྒྲ་སྙན་ཁྱེར་ཏེ་ལྟད་མོ་བ་ཚོའི་ཁྲོད་དུ་སོང་ནས་ལྷ་སའི་སྐད་དུ་བསྒྱུར་བའི་གླུ་གཞས《ཁྲེང་ཏུའུ》བླངས་པ་དང་ཚང་མས་གླུ་དེ་མཉམ་དུ་བླངས།
བག་ཕེབས་ཀྱི་ཁོར་ཡུག་ཁྲོད་ལྟད་མོ་བ་མང་པོ་ཞིག་གིས་རང་འགུལ་ངང་གར་སྟེགས་སུ་བསྐྱོད་དེ་གླུ་གཞས་བླངས་པ་དང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། བྱེད་སྒོ་མཇུག་འགྲིལ་ལ་ཉེ་བའི་སྐབས་ཚང་མ་ཡར་ལངས་ནས་སྒོར་གཞས་འཁྲབ་པས་འཁྲབ་སྟོན་ལ་མཐོ་རླབས་རབ་ཏུ་འཕྱུར།
བྱེད་སྒོའི་འཁྲབ་ཁྲིད་པ་པད་མ་ཚེ་རིང་གིས“རིག་གནས་དེ་ཤེལ་སྒྲོམ་ནང་བསྒྲིགས་ནས་འཇོག་མི་རུང་བར་རྒྱུན་གཏན་གྱི་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་དགོས། ང་ཚོས་ཇ་ཁང་ཞིག་འདྲ་བཟོ་བྱེད་དོན་ནི་ཚང་མས་ཇ་འཐུང་བ་དང་། ཅི་འཕྲོས་མོལ་འཕྲོས་ཤོད་པ། འཁྲབ་སྟོན་ལ་ལྟ་བ་བཅས་ཀྱི་རྣམ་པའི་ཁྲོད་རིག་གནས་ལ་མྱོང་རོལ་ཐུབ་ཆེད་ཡིན། མི་ཚང་མ་དེའི་ནང་ཞུགས་ཚེ་རིག་གནས་ལ་སྐྱེ་སྟོབས་ཀྱིས་ཁེངས་ངེས་རེད”ཅེས་གསར་འགོད་པར་བཤད།
འབྲེལ་ཡོད་གསར་འགྱུར།