དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ས་གནས་ཁག་གི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་བྱེད་སྒོ་སྣ་མང་ཕུན་སུམ་ཚོགས་པ།

    ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་བྱས། གཞོན་ནུའི་འགན་འཁྲི་འཁུར་སེམས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-06

    འདི་ནི་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱིས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་མཉམ་དུ་རྫོང་རྒྱབ་ཀླུ་ཁང་དུ“མངོན་མིན་རིག་གནས་རྒྱུན་འཛིན་བྱེད། ལང་ཚོའི་གསོན་ཤུགས་གང་ལེགས་མངོན”ཞེས་པའི་ལྔ་བཞིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

    འདི་ནི་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གི“ང་རང་གསང་ཆུར་དགའ། མཐའ་མཚམས་བརྟན་པོར་སྲུང”ཞེས་པའི་དང་བླངས་ཞབས་ཞུའི་དཔེ་སྟོན་བྱ་སྤྱོད་སྤེལ་རིང་དང་བླངས་པས་གསང་ཆུ་གཙང་འགྲམ་དུ་གད་སྙིགས་སྒྲུག་བཞིན་པ།

    འདི་ནི་2026ལོའི“ལང་ཚོའི་ཕུགས་འདུན་གཏོད་པའི”ལྷ་སའི་གཞོན་ནུའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེ་མོའི་འགོ་ཚུགས་མཛད་སྒོ་དང་ལྷ་སའི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་བྱེད་སྒོ་སྐབས་དང་པོར་གཞས་ཆེན《བཀྲ་ཤིས་གཡང་ཆགས》འཁྲབ་བཞིན་པ།

    ལྔ་བཞིའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད། རིན་བྲལ་ལང་ཚོ་ཆུད་ཟོས་གཏོང་མི་ཉན། ལྔ་བཞིའི་དུས་ཆེན་གྱི་མཚམས་འདིར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་འདྲ་མིན་སྣ་ཚོགས་བཅས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ཏེ་ལང་ཚོའི་ཐུན་མོང་གི་ངོས་འཛིན་ཟམ་མི་ཆད་པར་གཅིག་སྒྲིལ་དང་འབད་འཐབ་ཀྱི་གསོན་ཤུགས་འཕེལ་བར་བྱས་ནས་གངས་ལྗོངས་ས་མཐོར་འབད་འཐབ་གོང་བཀུར་དང་། འབད་འབུངས་ཡར་བརྩོན། བྱས་རྗེས་འཇོག་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    ཟླ་5ཚེས་4ཉིན་རྒྱལ་ཁབ་ཀྱི་3Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་སྐྱིད་ལུང་སྒར་སའི་མཛེས་ལྗོངས་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་སྤྲོ་སྣང་ཉམས་ལེན་གྱི་ཕྱི་རོལ་བྱེད་སྒོ་སྤེལ་བར་གྲོང་མི་མི་ཉུང་བ་ཞིག་མཉམ་དུ་དབྱིངས་ཞུགས་རྣམ་པའི་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འཕྲོག་ཡོད། ཉིན་མོ་ལྟད་མོ་ཆེ་བའི་རིག་རྩལ་ལེ་ཚན་སྣ་ཚོགས་སྡིངས་ཆའི་ཐོག་རེས་མོས་འཁྲབ་སྟོན་བྱས་པ་དང་། དགོང་མོ་སྐྱིད་པའི་སྒོར་གཞས་ཀྱི་མེ་ཕུང་དགོང་ཚོགས་དང་། ན་ཁའི་མཉམ་འགུལ་འདུ་ཚོགས། མཐོངས་ཡངས་གློག་བརྙན་བཅས་ལྟད་མོ་ཆེ་བའི་ལེ་ཚན་རྒྱུན་མཐུད་བཀོད་སྒྲིག་བྱས་ཤིང་། བྱེད་སྒོར་ཞུགས་མཁན་ལྷ་སའི་གྲོང་མི་ཟླ་བས“ནང་མི་ཁྲིད་དེ་འདི་གར་སྤྲོ་གསེང་དུ་ཡོང་ནས་རང་བྱུང་ཁམས་ཆེན་པོའི་མཛེས་པ་མྱོང་རོལ་ཐུབ་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བརྗོད།

    ཉིན་ཤས་གོང་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པའི་གྲོང་ཁྱེར་དང་འགྲིམ་འགྲུལ་འཛུགས་སྐྲུན་འཕེལ་རྒྱས་ཚད་ཡོད་ཀུང་སིས“ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་དང་ལྔ་བཞིའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ལང་ཚོའི་འགན་འཁྲི་འཁུར་སེམས་མངོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལྷོ་ཁ་གྲོང་ཁྱེར་ཟ་ར་ལམ་གཙང་སྒྲོལ་ཟམ་ཆེན་རྣམ་གྲངས་པུའི་ལས་དོན་མི་སྣ་ཡོངས་སྒྲིག་འཛུགས་བྱས་ཏེ། ཡར་ཀླུང་གཙང་པོའི་འགྲམ་དུ་གད་སྙིགས་གཙང་བཟོའི་སྤྱི་ཕན་བྱེད་སྒོ་སྤེལ་བ་བརྒྱུད་བྱ་སྤྱོད་དངོས་ཀྱི་ཐོག་ནས་ངལ་རྩོལ་པར་གུས་འདུད་ཞུས་པ་དང་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་ལེགས་སྐྱེས་ཕུལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་ནགས་ཚལ་དང་བྱེ་ཐང་ཁུལ་དུ་གོ་རིམ་ལྡན་པའི་ངང་གད་སྙིགས་གཙང་མ་བསྒྲུགས་ཤིང་། ལས་བྱེད་པ་དང་ལས་བཟོས་ལས་བགོས་ཁ་གསལ་དང་གཡས་གཞོགས་གཡོན་འདེགས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ལང་ཚོའི་འགན་འཁྲི་འཁུར་སེམས་མངོན་པས་ཡར་ཀླུང་གཙང་པོའི་འགྲམ་དུ་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་མ་བཅོས་ལྷུན་གྱིས་གྲུབ་ཡོད་པ་རེད།

    ཟླ་5ཚེས་4ཉིན། གུང་གཞོན་སྡེ་ཚོགས་མངའ་རིས་ས་ཁུལ་ཨུ་ཡོན་ལྷན་ཁང་གིས་ས་ཨུད་ཏང་གི་སློབ་གྲྭའི་ཚོགས་ཁང་ཆེ་མོར“ལང་ཚོའི་མིག་དཔེ་གཅིག་རྒྱུན་གཅིག་འཛིན་བྱེད། གངས་ལྗོངས་ས་མཐོའི‘ནུབ་རྒྱུད་མུ་ཏིག’གི་ལང་ཚོའི་གདོང་ལེན་པ་བརྩོན་ལེན་བྱེད་པའི”བརྗོད་དོན་གཙོ་བོའི་མཉམ་སྤྱོད་ཚོགས་འདུ་འཚོགས་ཤིང་། ས་ཁུལ་གྱི་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ནས་ཡོང་བའི་གཞོན་ནུའི་འཐུས་མི་200ལྷག་ཙམ་མཉམ་དུ་འཛོམས་ནས་ལང་ཚོའི་འགན་འཁྲི་འཁུར་སེམས་མཉམ་དུ་གླེང་བ་དང་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད། མཉམ་སྤྱོད་ཚོགས་འདུའི་ཐོག་གཞོན་ནུའི་སྔོན་ཐོན་འཐུས་མིས་ས་མཐོར་རྩ་བ་ཚུགས་པ་དང་། འགན་འཁྲི་གཙང་མ་སྒྲུབ་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཀྱི་འབད་འཐབ་བརྒྱུད་རིམ་དང་ལས་ཀའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད། མངའ་རིས་ས་ཁུལ་གྱི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཀྲང་ཐིང་ཡུས་ཀྱིས“མིག་དཔེའི་བྱས་རྗེས་ཀྱིས་མི་རྣམས་ལ་སེམས་འགུལ་ཐེབས་པ་དང་འབད་བརྩོན་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་ལྕག་བྱེད་ཀྱི་ཡོད། དུས་རབས་གསར་པའི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངས་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་ཚད་གཞིར་འཛིན་པ་དང་རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་མངའ་རིས་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་གཞག་ཁག་གི་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བརྗོད།

    ཉེ་ཆར། རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས“རིག་དཔལ་ལས་ཐོག་མའི་བསམ་འདུན་མཚོན། སྙན་ཚིག་ལས་འགན་འཁྲི་འཁུར་སེམས་མངོན་པའི”སྙན་ངག་གྱེར་འདོན་འདུ་ཚོགས་དང་ལྔ་བཞིའི་གཞོན་ནུའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་གཞོན་ནུའི་འཐུས་མི་རིམ་པ་བཞིན་གར་སྟེགས་ཐོག་འཛེགས་ནས་སྙན་ངག་གྱེར་འདོན་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གཏིང་ཟབ་པའི་ནང་དོན་དང་གསར་བརྗེའི་རིག་གནས་ཀྱི་བསམ་པའི་ནང་དོན་དང་བོད་ཀྱི་བསྡོམས་རྩིས་བརྟག་དཔྱད་ལས་དོན་པའི“བསྡོམས་རྩིས་ལས་དོན་ཞིབ་ཚགས་བསྒྲུབས་ནས་ས་མཐོར་ཞབས་འདེགས་ཞུ་བ”དང“རྒྱལ་ཁབ་ཀྱི་ཆེད་དུ་བརྟག་དཔྱད་དང་ཁྲིམས་བཀུར་བདེན་འཛིན་བྱེད་པའི”ཐོག་མའི་བསམ་འདུན་དང་འགན་འཁྲི་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་པས་དུས་རབས་གསར་པའི་གཞོན་ནུའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དཔའ་ངར་ཆེན་པོས་འགན་འཁྲི་འཁུར་བའི་བསམ་པའི་ཉམས་འགྱུར་བཟང་པོ་གང་ལེགས་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།