བྱེ་ཐང་གི་འདམ་མྱུག་ས་མཐོ་ནས་ཕྱི་ཕྱོགས་སུ་དབོར་བ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་བྱེ་ཐང་གི་དྲོད་ཁང་ཆེ་མོར་ཞོགས་པའི་ཉི་འོད་འཕྲོས་མ་ཐག་ལས་བཟོ་ཚོས་ཉིན་གཅིག་གི་ངལ་རྩོལ་བྱེད་འགོ་ཚུགས་ཤིང་། ཁོང་ཚོས་ལག་ཏུ་ཇེམ་ཙེ་བཟུང་ནས་སྔོ་ཐིང་ཐིང་གི་འདམ་མྱུག་རྐང་རེ་རེ་བཞིན་དལ་བུར་བྲེགས་སྐབས་མཁའ་རླུང་ཁྲོད་སྔོ་ཚལ་གྱི་དྲི་ཞིམ་འཐུལ་འོང་བ་དེ་ནི་ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་མཐོའི་སྐྱེ་ལྡན་འདམ་མྱུག་གི་དྲི་ཞིམ་རེད།
དབྱེ་གསེས་བྱེད་པ་དང་། སླེ་པོར་བླུགས་པ། རླངས་འཁོར་ནང་བླུགས་པ་བཅས་བྱས་ཏེ་འདམ་མྱུག་བྱུར་བུར་བླུགས་པའི་གྲང་ཕྲེང་རླངས་འཁོར་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་ནས་ཐོན་ཏེ“དཔྱིད་དུས་ཀྱི་ཟས་རིགས”དེ་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་གསོལ་ཅོག་སྟེང་དུ་སྐྱེལ་བཞིན་མཆིས།
ཚན་རིག་དང་མཐུན་པའི་འདེབས་འཛུགས་བྱས་ནས་ཐོན་འབབ་ཡོང་བར་འགན་ལེན་བྱས་པ།
ཟླ་བ་4པར་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་དེང་རབས་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དུས་ཐེངས་དང་པོའི་དྲོད་ཁང་ཆེ་མོའི་ནང་2019ལོར་བཏབ་པའི་འདམ་མྱུག་ལ་སླར་ཡང་ཐོན་འབབ་ལེགས་པོ་བྱུང་ཞིང་། ལས་བཟོ་ཚོས་ཧུར་བརྩོན་ཆེན་པོས་ལས་ལ་བྲེལ་བ་དང་ལྗང་མདོག་འབྱུང་ཁུངས་བོད་ལྗོངས་ས་ཁུལ་བྱ་གཞག་པུའི་སྤྱི་ཁྱབ་ཅིང་ལི་ཡུས་ཡིང་གིས“ཐག་པ་བཏང་ཟིན་རྗེས་དུས་ཐེངས་དང་པོའི་དྲོད་ཁང་ཆེ་མོའི་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་ལས་དོན་མཇུག་འགྲིལ་ཡོད”ཅེས་ངོ་སྤྲོད་བྱས། ཁོང་གིས་ཧུའུ་ནན་ཞིང་ཆེན་ཀྲུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་ལས་དོན་རུ་ཁག་གི་ཚོང་འགུགས་མ་འདྲེན་དང་རོགས་སྐྱོར་འོག་ཀུང་སིས་2019ལོར་ས་མཐོར་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་བ་ནས་བཟུང་དྲོད་ཁང་ཆེ་མོ་རབས་བཞི་པར་གསར་བརྗེ་བྱས་ནས་ས་མཐོའི་རང་བྱུང་ཁོར་ཡུག་ལ་འཚམ་པའི་དྲོད་ཁང་དེ་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ཅེས་བཤད་པ་རེད།
ས་བབ་མཐོ་ཚད་སྨི་3600ཡོད་པའི་ཡར་ཀླུང་གཙང་པོའི་ངོགས་སུ་གཙང་ཆུ་ཕུད་ད་དུང་བྱེ་རླུང་ལྡང་གི་ཡོད་སྟབས། སྤྱིར་བཏང་གི་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་ཐབས་བྲལ། བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས་དྲོད་ཁང་ཆེ་མོའི་སྒྲོམ་གཞིར་ནུས་པ་དེ་བས་བརྟན་པའི་རྒྱུ་ཆ་སྤྱད་པ་དང་འབྲེལ། རྨང་གཞི་བརྟན་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཚོལ་ཞིབ་བྱེད་རིང་དུས་ཐེངས་དང་པོའི་སྨི་ངོས་གྲུ་ཁྲི་3ལྷག་ཙམ་ཡོད་པའི་དེང་རབས་ཅན་གྱི་ཞིང་ལས་འདེབས་འཛུགས་དྲོད་ཁང་ཆེན་པོ་བསྐྲུན་པ་རེད།
དྲོད་ཁང་ཆེན་པོ་བསྐྲུན་པ་དང་དུས་མཚུངས་ས་རྒྱུ་ལེགས་བཅོས་དང་ས་བོན་གདམ་གསེས་ཀྱི་ལས་དོན་ཡང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས་ཞིང་ལས་ཚན་ཞིབ་ཁང་དང་མཐོ་སློབ་ཆེ་གྲས་ཁག་གི་རིགས་གཅིག་མཁས་ཅན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ས་གནས་ས་ཐོག་ཏུ་ས་རྒྱུ་ཚད་ལེན་དང་མཉམ་དུ་བརྟག་དཔྱད་བྱས་མཐར། ཚད་ལྡན་ཅན་གྱི་ས་རྒྱུ་ལེགས་བཅོས་ཀྱི་བརྒྱུད་རིམ་དང་འཐུས་སྒོ་ཚང་བའི་འདེབས་འཛུགས་འཆར་གཞི་བཟོས་པ་རེད།
ཀུང་སི་དེས“རྒྱུད་སྒྱུར་ས་བོན་མེད་པ་དང་། རྫས་འགྱུར་ཞིང་སྨན་མེད་པ། རྫས་ལུད་མེད་པ”བཅས་ཀྱི་འདེབས་འཛུགས་ཚད་གཞི་མཐའ་འཁྱོངས་བྱས་པས་འདམ་མྱུག་ལ་སྐྱེ་ལྡན་གྱི་ཁས་ལེན་དཔང་འདོན་ཐོབ་པ་རེད། ས་མཐོའི་སྨུག་ཕྱིའི་འོད་ཟེར་ཤུགས་ཆེ་བ་དང་། དྲོད་ཚད་ཁྱད་པར་ཆེ་བ། བྱེ་མའི་ས་རྒྱུ་བཅས་ཀྱི་དེ་སྔའི་ཞན་ཆ་དེ་དག་ལས་འདམ་མྱུག་གི་ཐུན་མོང་མ་ཡིན་པའི་བྲོ་བ་གྲུབ་ཡོད། 2024ལོའི་ཟླ་11པར་ས་མཐོའི་སྐྱེ་ལྡན་འདམ་མྱུག་ལ་ཀྲུང་གོའི་དབུས་རྒྱུད་ཞིང་ལས་འགྲེམས་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།
མིག་སྔར་ཀུང་སི་དེས་མ་དངུལ་སྒོར་དུང་ཕྱུར་2བཏང་ནས་བྱེ་འགྱུར་ས་ཞིང་མུའུ་1200ལྷག་ཙམ་ལེགས་བཅོས་བྱས་པ་དང་། རིག་ལྡན་ཤེལ་སྒོའི་དྲོད་ཁང་དང་དེ་བཞིན་སྟར་སྦྲེལ་དྲོད་ཁང་18 འཐུ་བསྡུའི་དྲོད་ཁང་20བཅས་བསྐྲུན་པ་མ་ཟད། གྲང་ཕྲེང་ཟོག་འགྲེམས་དང་། དབྱེ་གསེས་ལྟེ་གནས། སྔོ་ཚལ་ལས་སྣོན་བཟོ་ཁང་བཅས་ལེ་ལག་ཚང་བའི་སྒོ་ནས་བསྐྲུན་པ་རེད།
ལོ་མང་རིང་ཁེ་ལས་ཀྱི་འདམ་མྱུག་འདེབས་འཛུགས་དང་ཐོན་ལས་ཅན་ལ་གྲུབ་འབྲས་ཐོབ་པར་བརྟེན་ད་ལོ་གྲ་ནང་རྫོང་གིས་འདམ་མྱུག་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཆེད་མངགས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། གྲ་ནང་རྫོང་ཞིང་ལས་གྲོང་གསེབ(གྲོང་གསེབ་དར་རྒྱས་དང་ཚན་རིག་ལག་རྩལ)ཅུས་ཀྱི་ཅུས་ཀྲང་ཡུས་ཅིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་ནང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་3000དང་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་1280བཏང་ནས་འདམ་མྱུག་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
ཐབས་ལམ་བཏོད་ནས་ཁྲོམ་ར་རྒྱ་སྐྱེད་བཏང་བ།
ཉེ་ཆར། ཉིན་ལྟར་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སི་ནས་ལྷ་སར་དབོར་བའི་འདམ་མྱུག་ཏུན་1ཡན་ཟིན་གྱི་ཡོད། ལྷ་ས་གདོང་དཀར་ཞིང་ཟོག་སྡེབ་ཚོང་ཁྲོམ་རར་ཚོང་པ་ལི་ཤང་གི་ཁྲོམ་བཀྱག་མདུན་དུ་འདམ་མྱུག་ཉོ་མཁན་འཚང་ཁ་ཤིག་ཤིག་རེད།
“ཉིན་དེ་རང་དུ་འཐུ་བ་དང་ཉིན་དེ་རང་དུ་འབྱོར་བ་དང་འདེབས་འཛུགས་རྟེན་གཞི་ནས་ལྷ་སར་དབོར་བར་ཆུ་ཚོད་གཅིག་ལྷག་ཙམ་ལས་འགོར་གྱི་མེད་པས་འདམ་མྱུག་སོས་པ་ཡོང་བའི་འགན་ལེན་ཐུབ་ཡོད”ལི་ཤང་གིས་གཙོ་བོ་ལྷ་སའི་རྩེར་སོན་གསོལ་མགྲོན་ཁང་ལ་ཚོང་ཟོག་མཁོ་འདོན་བྱེད་ཀྱི་ཡོད་པས་སྔོ་ཚལ་གྱི་སྤུས་ཚད་ཡག་པོ་དགོས་ཀྱི་ཡོད། དེ་སྔ་ཞིང་ཆེན་གཞན་ནས་དབོར་བའི་འདམ་མྱུག་འཚོང་སྐབས་ལམ་བར་དུ་ཉིན་ཁ་ཤས་འགོར་བ་མ་ཟད། སྐྱེལ་འདྲེན་གྱི་མ་གནས་མཐོ་ལ་ད་དུང་དེ་ཙམ་སོས་པ་ཡོང་གི་མེད། ད་ལྟ་ཡུལ་དེ་གའི་འདམ་མྱུག་གི་སྤུས་ཀ་ལེགས་པ་དང་དབོར་འདྲེན་མགྱོགས་པས་ཚོང་པའི་ཚོང་ཟོག་མཁོ་འདོན་གྱི་རེ་བ་རྦད་དེ་སྐོང་ཐུབ་ཡོད། “ད་ཆ་ང་ཚོས་ས་ཆ་གཞན་གྱི་འདམ་མྱུག་ནང་འདྲེན་བྱེད་ཚད་ཆེས་ཆེར་ཉུང་དུ་བཏང་བ་ཡིན”ཞེས་ལི་ཤང་གིས་བཤད།
བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས“བྱེ་ཐང་ལེགས་བཅོས་དང་སྐྱེ་ལྡན་འདེབས་འཛུགས”ལྟེ་བར་བྱས་ཏེ“ཡར་ཀླུང་གཙང་པོའི་ངོ་མཚར”གྱི་སྤུས་རྟགས་བརྒྱུད་རིམ་ལྡན་པའི་སྒོ་ནས་བཏོད་དེ་བོད་ལྗོངས་ས་མཐོའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཀྱི་ཚད་ཤིང་ཞིག་ཏུ་འགྱུར་རྒྱུར་གཞོལ་ཡོད།
“ཞོགས་པ་འཐུ་བ་དང་གྲང་ཕྲེང་དབོར་འདྲེན་བྱས་ཏེ་ཆུ་ཚོད་2ནང་ཚུན་དུ་ལྷ་སར་འབྱོར་བ་དང་ཆུ་ཚོད་24ཡི་ནང་ཁྲེང་ཏུའུ་དང་ཁྲང་ཧྲ་སོགས་གྲོང་ཁྱེར་དུ་འབྱོར་གྱི་ཡོད” ཡུས་དབྱིང་གིས་2023ལོ་ནས་བཟུང་འདམ་མྱུག་ཧྲང་ཧའེ་དང་། ཁྲེང་ཏུའུ། ཁྲང་ཧྲ་སོགས་གྲོང་ཁྱེར་དུ་བདེ་བླག་ངང་ཕྱིར་ཚོང་བྱས་ཡོད། 2025ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་1100ལྷག་ཙམ་ཟིན་ཡོད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི“ཀོན་ཀྲང་གིས་སྲིད་ཇུས་ཁྱབ་གདལ་གཏོང་བ”དང“གཅིག་གཏད་གཅིག་གི་འགག་སྒོ་དང་ཁེ་ལས་འབྲེལ་གཏུག་ལམ་སྲོལ”གྱི་རམ་འདེགས་འོག་ཁེ་ལས་ཀྱིས་ཕྱིར་གཏོང་སྲིད་ཇུས་དང་ཞིབ་བཤེར་ཚད་གཞི་ཤེས་རྟོགས་གཏིང་ཟབ་བྱས་པས་ལྷ་ས་འགག་སྒོ་ལས་ཁུངས་ཁོངས་གཏོགས་ཀྱི་བར་སྐོར་འགག་སྒོ་ལས་ཁུངས་ཀྱིས་ཐོ་འགོད་སྙན་སེང་དང་དཔྱད་ཡིག་ཞིབ་བཤེར་ནས་ཕྱིར་གཏོང་ཞུ་འབུལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་གི་རྗེས་སྙེགས་མཛུབ་ཁྲིད་བྱས་ཡོད། 2024ལོའི་ཟླ་3པར་ཀུང་སི་དེར་ཤང་ཀང་དང་ཨའོ་མོན་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ཐོ་འགོད་དཔང་འདོན་ཁས་ལེན་ཐོབ་པ་རེད། 2025ལོའི་ཟླ་7པར། ཧྲེན་ཀྲེན་གྱི་མཁོ་སྤྲོད་འཁོར་སྦྲེལ་ཁེ་ལས་དང་མཉམ་ལས་བྱས་པ་བརྒྱུད་ས་མཐོའི་སྐྱེ་ལྡན་འདམ་མྱུག་ཤང་ཀང་དུ་ཐོག་མར་ཕྱིར་ཚོང་བྱས་པ་རེད།
བྱེ་ཐང་དེ་འབབ་འཕར་གྱི་ཡོང་ཁུངས་སུ་གྱུར་པ།
2019ལོའི་གོང་དུ་ཚེ་རིང་སྒྲོལ་མས་ཁྱིམ་དུ་ཞིང་ལས་བྱེད་ཀྱི་ཡོད། 2019ལོར་ཁོ་མོ་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིའི་འདེབས་འཛུགས་རྟེན་གཞིའི་ལས་མི་ཞིག་ཏུ་གྱུར། སྔོ་ཚལ་འདེབས་འཛུགས་ཐད་རྒྱུས་མངའ་གཏན་ནས་མེད་པ་ནས་ད་ཆ་འདེབས་འཛུགས་ལག་རྩལ་མང་པོ་ཁོང་དུ་ཆུད་པའི་བར་ཚེ་རིང་སྒྲོལ་མ་ནི་རྟེན་གཞིའི་ལག་རྩལ་རྐང་འཛིན་པར་གྱུར་ནས་ལས་མི་གསར་པར་འདེབས་འཛུགས་བྱེད་སྟངས་སློབ་ཀྱི་ཡོད།
“འགན་བཅོལ་ལྔ་ཕུད་ཟླ་རེར་གླ་ཆ་སྒོར་6000ལྷག་ཙམ་ལེན་རྒྱུ་ཡོད་པ་དེ་རང་ཉིད་ཀྱིས་ཞིང་ཁ་བཏབ་པ་དང་བསྡུར་ན་ཡོང་འབབ་མང་དུ་ཕྱིན་པ་མ་ཟད་ད་དུང་བརྟན་པོ་ཡོད། གཙོ་བོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ལག་རྩལ་ཤེས་པས་དངོས་གནས་ཡག་པོ་འདུག”ཅེས་ཚེ་རིང་སྒྲོལ་མས་འདམ་མྱུག་འཐུ་གིན་དེ་ལྟར་བཤད།
མིག་སྔའི་བར་བོད་ལྗོངས་ལྗང་མདོག་འབྱུང་ཁུངས་ཀུང་སིས་རིམ་རྩིས་བརྒྱབ་ན། ས་གནས་དེ་གའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་སྒོར་ཁྲི་6000ལྷག་ཙམ་བྱུང་བ་དང་དེའི་ནང་ཞུགས་མཁན་ཞིང་དུད་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་3.5བྱུང་ཡོད།
རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལོ་དེར་བྱེ་ཐང་ཐོག་ཟུར་སྣོན་རིན་ཐང་མཐོ་བའི་སྔོ་ཚལ་འདམ་མྱུག་འདེབས་འཛུགས་བྱས་པ་དེ་གྲམ་མདའ་གྲོང་ཚོ་དང་། རྔ་སྒྲ་ཤང་། ཐ་ན་བོད་ལྗོངས་ཡོངས་ཀྱི་ངོས་ནས་བརྗོད་ན་བྱ་བ་གསར་པ་ཞིག་རེད། རྔ་སྒྲ་ཤང་གི་ཤང་ཀྲང་པ་སངས་མཚམས་གཅོད་ཀྱིས་ད་ཆ་ཤང་གི་བྱེ་ཐང་དེ་ཡོང་འབབ་ཀྱི་ཡོང་ཁུངས་སུ་གྱུར་ནས་ཞིང་ལས་ལག་རྩལ་ཤེས་ལྡན་པ་ཁག་གཅིག་ཀྱང་སྐྱེད་སྲིང་ཐུབ་ཅིང་། ཞིང་ལས་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་གཞོན་ནུ་ཚོར་གོ་སྐབས་གསར་པ་ཐོབ་ཡོད་ཅེས་བཤད།
དེ་སྔའི“བྱེ་རླུང་གྲོང་ཚོ”དེ་ད་ཆ་སྐྱེ་སྟོབས་ཀྱི་དཔལ་འབར་བའི“འདམ་མྱུག་གྲོང་རྡལ་ཆུང་ངུར”རིམ་བཞིན་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་ཞིབ་འཇུག་པ་ཚེ་དབང་སྟོབས་རྒྱལ་གྱིས་ཚན་རྩལ་འགག་སྒྲོལ་ལས་བྱེ་ཐང་དེ་ཡོང་འབབ་ཀྱི་ཡོང་ཁུངས་སུ་གྱུར་ནས་བྲིན་ཁ་རྒྱུག་པོ་བྱུང་བ་དང་ཕྱིར་ཚོང་བྱེད་པའི་བར་དང་དེ་ནས་ཐོན་ལས་དམངས་ཕྱུག་གི་གྲོང་གསེབ་དར་རྒྱས་གཏོང་བའི་བར་ས་མཐོའི་སྐྱེ་ལྡན་འདམ་མྱུག་དུས་རབས་གསར་པའི་བོད་ཀྱི་སྒྲིག་བཀོད་ཞིང་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་གསོན་ཉམས་དོད་པའི་མ་དཔེར་གྱུར་ཡོད།
(《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་2026ལོའི་ཟླ་4ཚེས་30ཉིན་གྱི་པར་ངོས་8པའི་ཐོག་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།