རང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲད་པ།
ལེ་ཚན་གཏོད་པའི་གཏམ།
2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་ལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཞིག་ཀྱང་ཡིན། འདས་ཟིན་པའི་ལམ་བུར་ཕྱིར་ལྟ་བྱས་ནས་རྒྱང་ལམ་གསར་པར་འབད་འབུངས་བྱེད། རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཟང་པོ་ཐོབ་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཉམ་དུ་རྡོག་རྩ་གཅིག་སྒྲིལ་དང་། མཉམ་དུ་བསམ་བློ་གཏོང་བ། མཉམ་དུ་ལས་ཀ་བྱེད་པ་བཅས་ཀྱི་སྙིང་སྟོབས་གང་ལེགས་མངོན་ཆེད། འདི་ག་ཚགས་པར་གྱིས་དེ་རིང་ནས་བཟུང“འོད་སྟོང་འཕྲོ་བའི་ལོ་ངོ་དོན་ལྔ། བོད་ལྗོངས་གསར་པར་འབད་འབུངས་བྱས”ཞེས་པའི་ཆེད་སྒྲིག་ལེ་ཚན་འདོན་རྒྱུ་ཡིན་པས་དོ་སྣང་ཡོད་པར་ཞུ།
མིག་སྔར་མཐོ་བརྩོན་ཨར་འདམ་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་པ་དང་བཟོ་པ་ཚོ་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས། “‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོ་དང་ཏག་ཏག་འཁེལ་བས། བོད་ལྗོངས་ཨར་རྒྱུ་ཚོགས་པས་བདེ་འཇགས་མཐའ་ཚད་དུ་བྱས་ཏེ་ཁྲོམ་ར་གསར་འབྱེད་ཤུགས་ཆེན་བྱེད་པ་དང་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་སྣོན་བརྒྱབ་པས། ཨར་འདམ་སོགས་ཐོན་རྫས་ཀྱི་ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད”ཅེས་བོད་ལྗོངས་ཨར་ལས་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ་ཚད་ཡོད་ཀུང་སིའི་ཚན་རྩལ་པུའུ་ཡི་འབུམ་རམས་པ་མའོ་ཤིན་པོ་ཡིས་ངོ་སྤྲོད་བྱས།
ད་ཆ་འཁྲུག་ཆ་དོད་པའི་རྣམ་པ་ས་མཐོའི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ངང་མངོན་ཞིང་། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཞིག་ཡིན་པས། དེས་དུས་ཚིགས་དང་པོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད། རང་ལྗོངས་ཀྱིས་གཡུར་ཟའི་གྲུབ་འབྲས་ཐོག་ནས་རྒྱང་ལམ་གསར་པ་བཏོད་ཡོད།
ད་ལོའི་དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་19.8%འཕར་ཏེ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་མུ་མཐུད་སླེབས་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་18.1གིས་མཐོ་བ་ཡོད་ལ། དེ་བས་མི་སེམས་ལ་སྐུལ་ལྕག་ཐེབས་པ་ཞིག་ནི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.1%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་20.5%འཕར་བ། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.5%འཕར་བ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ཐོག་ནས་རང་ལྗོངས་འདི་ཉིད་འཕེལ་རྒྱས་ཀྱི་རྗེས་སྙེག་འཕེལ་རྒྱས་ནས་ཁྱད་ལྡན་བསྙེགས་བརྒལ་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་པ་མཚོན་ཡོད།
འཕར་ཚད་19.8%ཀྱིས་ལས་འགོ་བདེ་བླག་ངང་ཚུགས་པ།
རང་ལྗོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་འཕར་ཚད་ཟླ་9བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་། དུས་ཚིགས་དང་པོའི་19.8%ཀྱི་འཕར་ཚད་ལས“ལོ་ལྔ་ཚན་བཅོ་ལྔ་པ”འགོ་འཛུགས་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱུང་ཡོད། མ་འཇོག་གྲུབ་ཆའི་ཐད་ནས་བལྟས་ཚེ། ཐོན་ལས་གཉིས་པར་མ་འཇོག་བྱེད་ཚད་71.2%འཕར་བ་དེས་མ་འཇོག་ཧྲིལ་པོའི་བསྡུར་ཚད་47.2%བཟུང་བ་དང་། དམངས་ཁྲོད་ཀྱི་མ་འཇོག་བྱེད་ཚད་27.8%འཕར་ཡོད། ཐོན་ལས་གཉིས་པའི་མ་འཇོག་གིས་བཟུང་བའི་བསྡུར་ཚད“ཕྱེད་ཀ་ཙམ”ཟིན་ཉེར་ཡོད་པ་དེ་དེ་སྔའི“ཐོན་ལས་དང་པོ་ཅུང་ཞན་པ་དང་ཐོན་ལས་གསུམ་པ་དམིགས་བསལ་སྟོབས་ཆེའི”གྲུབ་ཆ་དང་མངོན་གསལ་དོད་པའི་འགྱུར་ལྡོག་བྱུང་བ་དེ་ཐོག་ནས་ཐོན་ཁུངས་ཀྱི་གཙོ་རྒྱུ་དེ་དངོས་ཚན་དཔལ་འབྱོར་ཕྱོགས་སུ་གཅིག་སྡུད་བྱེད་བཞིན་པ་མཚོན་ཡོད། དམངས་ཁྲོད་ཀྱི་མ་འཇོག་འཕར་ཚད་མཐོ་པོ་ཡོད་པ་དེ་ཐོག་ནས་རང་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱིས་མ་འཇོག་བྱ་ཡུལ་གྱི“སྲིད་ཇུས་ཀྱི་གཟིགས་སྐྱོང་བྱ་ཡུལ”ཙམ་མིན་པར་སྤྱི་ཚོགས་ཀྱི་མ་རྩ་གཏོང་མང་བའི“ལས་གཏོད་བྱ་ཡུལ”ཞིག་ཏུ་གྱུར་པ་གསལ་བཤད་ཐུབ་ཡོད།
ད་ལོའི་དུས་ཚིགས་དང་པོར་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་115ལས་འགོ་བསྐྱར་འཛུགས་ཐུབ་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་93%ཟིན་ཡོད། གྲངས་གཞི་ལས་མངོན་པར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལས་དོན་སྔ་ཙམ་ཇུས་འགོད་བྱེད་པ་དང་། དོ་ནན་དུ་གཏོང་བ། དམ་འཛིན་ཞིབ་ཕྲ་བྱེད་པ། ལྟ་སྐུལ་ནན་པོ་བྱེད་པ་བཅས་ཀྱི་བྱ་སྤྱོད་སྤེལ་ཤུགས་རྒྱུན་འཁྱོངས་བྱས་ཏེ། 《2026ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འཆར་གཞི》དང《2026ལོའི་དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་འགག་སྒྲོལ་བྱ་སྤྱོད་ཇུས་གཞི》བཟོས་ནས་ལག་བསྟར་བྱས་ཁར། གཙོ་གནད་རྣམ་གྲངས་བཀོད་གཏོང་ལམ་སྲོལ་དང་གཙོ་གནད་རྣམ་གྲངས་འགན་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། གཙོ་གནད་རྣམ་གྲངས་ཀྱི་གཙོ་རྒྱུའི་འགན་ལེན་མཐུན་སྦྱོར་ལམ་སྲོལ་འཛུགས་པ། ས་ཆ་དང་། ནུས་རྒྱུ། ཆུ། རྩྭ་ར་བཅས་སྤྱོད་པ་དང་ཁོར་ཡུག་ཚོད་སྐོར་སོགས་ཀྱི་གཙོ་རྒྱུ་ཧྲིལ་པོར་སྤྱི་འདོམས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་གྲངས་དོན་འཁྱོལ་གྱི་དཀའ་གནད་སེལ་བ་བཅས་བྱས་ཏེ་གཙོ་གནད་རྣམ་གྲངས་སྤེལ་དགོས་རིགས་སྤེལ་ཐུབ་པའི་འགན་ལེན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
འཕར་ཚད་20.5%ཡིས་ས་མཐོའི་རིག་སྐྲུན་བྱེད་མགྱོགས་སུ་ཕྱིན་པ།
སྔོན་མ་ས་མཐོར་གྲང་ངར་ཆེ་བའི་རྐྱེན་གྱིས་ཨར་འདམ་ཁེ་ལས་ཀྱི་ཨར་སྐྲུན་དུས་ཡུན་ཟླ་བ་དྲུག་ལས་མེད། མཐོ་བརྩོན་ཨར་འདམ་གྱི་མཉམ་འབྲེལ་ཚན་ཞིབ་སྒྲིག་གཞིས་དྲོད་ཚད་དམའ་བའི་ཨར་འདམ་དང་རིག་ནུས་དྲོད་ཚད་ཚོད་འཛིན་མ་ལག་ཞིབ་འཇུག་གསར་སྤེལ་བྱས་ནས་ཨར་སྐྲུན་དུས་ཡུན་ཟླ་བ་བཅུ་བར་རིང་དུ་བཏང་བས། ཨར་སྐྲུན་དུས་ཡུན་བཅུ་ཆ་བདུན་ཙམ་མང་དུ་ཕྱིན་པ་ལས་ཐོན་སྐྱེད་ནུས་ཤུགས་གསར་མ་ལས་ས་མཐོར་ཚོད་འཛིན་མི་ཐེབས་པའི་དཔེ་མཚོན་ཞིག་ཏུ་གྱུར་པ་མངོན་ཡོད།
ས་མཐོའི་རིག་སྐྲུན་གྱི་འགག་རྩ་ནི་ཐོན་སྐྱེད་ནུས་ཤུགས་གསར་མར་ཐུག་ཡོད། བཟོ་སྐྲུན་ལས་རིགས་ཀྱི་30.4%ཡི་འཕར་ཚད་དེ་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་སྤྱི་ཡོངས་ཀྱི་འཕར་ཚད་ལས་ཤུགས་ཆེར་བརྒལ་བ་དེ་ཐོག་ནས་བཟོ་ལས་འཕར་ཚད་དེ་ནུས་རྒྱུ་སྔོག་འདོན་ནས་ལས་སྣོན་བཟོ་སྐྲུན་གྱི་རིམ་པ་མཐོ་འབྲིང་བར་སླེབས་པ་མཚོན་ཡོད། ལྗང་གློག་དེ་ཐོན་ཁུངས་ཀྱི་ལེགས་ཆ་ནས་ཐོན་ལས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད་པ་དང་ལིས་དང་ཟངས་སོགས་ལས་སྣོན་ཞིབ་ཚགས་བྱེད་ནུས་ཀྱང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། 20.5%ཡི་བཟོ་ལས་འཕར་ཚད་དང་ཟླ་13བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དེ་ཐོག་ནས་ཐོན་ལས་འཕོ་འགྱུར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་འགྲོ་བཞིན་པ་མཚོན་ཡོད། གློག་ཤུགས་དང་། ཚ་ཤུགས། སོལ་རླངས་དང་དེ་བཞིན་ཆུའི་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་12.3%འཕར་ནས་ནུས་རྒྱུའི་འཇུར་མིག་མགྱོགས་མྱུར་བསལ་ཡོད།
“ཁེ་ལས་ལ་སྲིད་ཇུས་ཀྱི་ཕན་པ་དངོས་དངོས་རྗེན་རྗེན་ཐོབ་པ་དང་མཐོ་གསར་ཁུལ་གྱི་སློབ་གསོ་དང་སྨན་བཅོས་སོགས་ཀྱི་ལེ་ལག་འཐུས་སྒོ་ཚང་དུ་ཕྱིན་ནས་ཚང་མས་ལྷ་ས་འདི་ཉིད་ཕ་ཡུལ་གཉིས་པར་བརྩི་གི་ཡོད། ཕན་ཡོད་ཀྱི་སྲིད་ཇུས་དང་ཁོར་ཡུག་བཟང་པོ་གཉིས་བྱུང་ཚེ་ཤེས་ལྡན་པ་ཉར་ཐུབ་པ་མ་ཟད། ཁེ་ལས་ཀྱང་དེ་གར་གཞིས་ཆགས་ཐུབ”ཅེས་ཀྲུང་ཅི་ཧྭ་ཧྲེང་བཟོ་སྐྲུན་བློ་འདྲི་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལའེ་ཧྲི་ཝེ་ཡིས་བཤད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས། བོད་ཀྱི་དཔལ་འབྱོར་ལ་སྒུལ་ཤུགས་འཕར་རྒྱུ་དེ“གཞན་བརྟེན”ནས“རང་བརྟེན”བར་བསྒྱུར་བ་དང་། ཐོན་ལས་གྲུབ་ཆ་དེ“ཕྱོགས་རྐྱང་པའི་འདེགས་སྐྱོར”ནས“ཕྱོགས་མང་མཉམ་སྒུལ”བར་བསྒྱུར་བ། གཙོ་རྒྱུ་བཀོད་སྒྲིག་དེ“སྲིད་ཇུས་ཀྱི་གཙོ་ཁྲིད”ནས“ཁྲོམ་རའི་གཙོ་ཁྲིད”བར་བསྒྱུར་བ་བཅས་ཀྱི་འགྱུར་ལྡོག་ཆེན་པོ་གསུམ་བྱུང་ནས། ཐོན་ལས་ཀྱི་སྒུལ་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་ཏེ་མི་སེར་ལ་འབབ་འཕར་དངོས་དངོས་རྗེན་རྗེན་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་ཅེས་བཤད།
འཕར་ཚད་7.5%ཡིས་ཐུན་མོང་འབྱོར་ཕྱུག་བྱེད་ཟབ་ཏུ་ཕྱིན་པ།
དུས་ཚིགས་དང་པོར། རང་ལྗོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་6483ཟིན་པ་དེ་དུས་མཚུངས་ལས་7.5%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14553ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3222ཟིན་ནས་7.8%འཕར་བ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་སུ་ཕྱིན་ནས། གྲོང་གསེབ་དེ་འབབ་འཕར་གྱི་འཐབ་སར་གྱུར་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་མགྱོགས་མྱུར་ཆུང་དུ་ཕྱིན་ཏེ། ས་མཐོའི་ཁྱད་ལྡན་གྱི་ཐུན་མོང་འབྱོར་ཕྱུག་གི་ཐབས་ལམ་འཚོལ་ཞིབ་བྱེད་པར་ལག་ལེན་གྱི་དཔེ་མཚོན་ཞིག་མཁོ་འདོན་བྱས་ཡོད།
“ཡོང་འབབ་གསུམ”གྱི་དམིགས་ཚད་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དུས་ཚིགས་11བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་། ཚོང་གཉེར་གྱི་ཡོང་འབབ་ཁེ་གཙང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་། སྤོ་སྒྱུར་གྱི་ཡོང་འབབ་ཁེ་གཙང་བཅས“ཡོང་འབབ་བཞི”ཕྱོགས་ཡོངས་ནས་འཕར་བ་དང་། ཚོང་གཉེར་གྱི་ཡོང་འབབ་ཁེ་གཙང་8.8%འཕར་བ་དེས་ཞིང་འབྲོག་པས་ཁྱད་ལྡན་ཐོན་ལས་དང་མཉམ་ལས་ཁང་སོགས་ལ་བརྟེན་ནས་རང་འགུལ་ངང་ཁྲོམ་རའི་དཔལ་འབྱོར་དང་མཉམ་འདྲེས་ཀྱིས་རང་བརྟེན་རྣམ་པའི་འབབ་འཕར་གྱི་བསྡུར་གྲངས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་འབབ་འཕར་གྱི་གཞི་རྩ་དེ་བས་ཏན་ཏིག་སྣ་མང་དུ་གྱུར་པ་གསལ་བཤད་ཐུབ་ཡོད།
“མིག་སྔར། རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་སྐྱེད་སྲིང་བྱུང་བ། ཚོང་གཉེར་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་སོང་བ། སྣ་མང་མཐུན་རྐྱེན་རིམ་རྩེག་མཉམ་དར་བཅས་བྱུང་ཡོད” འོན་ཀྱང་གོ་སྐབས་དང་འགྲན་སློང་མཉམ་དུ་གནས་པས་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”རིང་དེ་བས་སྤུས་ཚད་མཐོ་བ་དང་། དེ་བས་ལས་ཕྱོད་ཆེ་བ། དེ་བས་གཞུང་དྲང་ཡོད་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་ཆེད་བོད་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་དགོས་ཞེས་དབྱང་ཅེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།