ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་སྡེ་ཁུལ་གྱིས“ཆུང་གསུམ་མཉམ་འགུལ”གྱི་བྱེད་སྟངས་གསར་གཏོད་བྱས་པ།
བཅོས་སྒྲིག་ཞིབ་ཚགས་དང་དམངས་སེམས་དྲོ་བར་བྱས་ནས་དམངས་འཚོའི་བདེ་སྐྱིད་ཀྱི་ལེའུ་བརྩམས་པ།

འདི་ནི་ལྕགས་རོང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ནས་འོས་འགན་སྨན་བཅོས་བྱེད་བཞིན་པ།

འདི་ནི་ལྕགས་རོང་སྡེ་ཁུལ་གྱི་ལས་དོན་པས་དུད་ཚང་དུ་བསྐྱོད་ནས་གྲོང་མིའི་དོན་དངོས་དཀའ་ངལ་ཤེས་རྟོགས་བྱེད་བཞིན་པ། (ལྕགས་རོང་སྡེ་ཁུལ་གྱིས་པར་མཁོ་འདོན་བྱས)
2024ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་གཞི་རིམ་བཅོས་སྐྱོང་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། “ཆུང་གསུམ་མཉམ་འགུལ”གྱི་ལས་དོན་སྤེལ་སྟངས་གསར་གཏོད་ཀྱི་འཛུགས་པ། བཅོས་སྐྱོང་བྱ་ཡུལ་སྟར་པ་དང་ཁྱིམ་ཚང་བར་སྣུར་སྲིང་བྱེད་པ། དོན་གྲོས་ལས་སྟེགས་གྲོང་མིའི་ཁྱིམ་གྱི་སྒོ་རྩར་འཛུགས་པ་བཅས་བྱས་ནས། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད།
“དྲ་རྒྱ་ཆུང་ངུ”ཚགས་དམ་དུ་བཏང་བ།
གཞི་རིམ་བཅོས་སྐྱོང་གི“ནང་སྐྱེས་སྒུལ་ཤུགས”འཕེལ་བར་བྱས་པ།
འདི་ལོའི་ཟླ་བ་དང་པོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་ཁྲོམ་གཞུང་ལྕགས་རོང་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ“དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བའི”བསམ་འཆར་བསྡུ་རུབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་འགོ་བཙུགས་ནས་དྲ་མིག་པ་དང་། སྡེ་ལས། གཉིས་ལྡན་དུད་སྦྲེལ་བཅས་ལས་གྲུབ་པའི“དམངས་འདོད་བཅར་འདྲི་ཚོགས་ཆུང” བཙུགས་པ་དང་། རྣམ་སྲས་ཁུལ་ཆུང་དྲུག་པ་དང་བརྒྱད་པའི་རྨང་གཞིའི་སྒྲིག་བཀོད་རྙིང་པ་དང་སྒྲིག་ཆས་ཆ་ཚང་པོ་མེད་པར་དམིགས་ནས་དུས་ཡུན་གཟའ་འཁོར་གཉིས་རིང་དུད་ཚང་དུ་བསྐྱོད་ནས་འཚམས་འདྲིའི་ལས་དོན་སྤེལ་བ་རེད།
“ང་ཚོས‘དྲ་ཐོག+དྲ་ཕྱིའི”སྣ་མང་ཅན་གྱི་ཐབས་ལམ་བརྒྱུད་གྲོང་མིའི་རེ་ཞུ་གནད་སྨིན་བསྡུ་རུབ་བྱས་པ་དང་། དུད་ཚང་དུ་བསྐྱོད་དེ་གྲོང་མིར་སྒྲིག་ཆས་སྒྱུར་བཀོད་སྐོར་གྱི་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད། དེའི་རིང་རིམ་རྩིས་བརྒྱབ་ན་གྲོང་མི་326གི་ཁྱིམ་དུ་བསྐྱོད་དེ་གོ་ཆོད་པའི་བསམ་འཆར་ཁག་255བསྡུ་ལེན་བྱས་ཡོད། ལྕགས་རོང་སྡེ་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་དང་། སྤྱི་པའི་འཕྲོད་བསྟེན་དང་སྡེ་ལས་དོ་དམ་ཨུ་ལྷན་གྱི་ལས་དོན་པས་གྲོང་མིའི་བསམ་འཆར་གཞིར་བཟུང་། ལྕགས་རོང་སྡེ་ཁུལ་གྱིས“བསྡུ་རུབ་དང་། གསེད་བཀྲོལ། ལན་སློག”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་ལམ་སྲོལ་བཙུགས་ནས། གྲོང་མིའི་བསམ་འཆར་ཕྱོགས་སྡོམ་རིགས་དབྱེ་བྱས་ཏེ《སྒྱུར་བཀོད་རེ་ཞུའི་གསལ་ཐོ》བཟོས་ནས“ཁུལ་རེར་བྱེད་ཐབས་རེའི”སྒྱུར་བཀོད་ཇུས་གཞི་བཟོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསར་འགོད་པར་བཤད།
“དོན་གྲོས་ཆུང་ངུའི”ལས་དོན་སྤེལ་བ།
སྡེ་ཁུལ་གྱི་དམངས་འདོད“གྲོས་མོལ་ཐབས་ལམ”ཤར་གཏོང་ཐུབ་པར་བྱས་པ།
2025ལོའི་ཟླ་8པར། ལྕགས་རོང་སྡེ་ཁུལ་རྣམ་སྲས་ཁུལ་ཆུང་དང་པོར་སྡོད་མཁན་ཞིག་གིས་སྡེ་ཁུལ་ལ་ཁྱིམ་ཚང་གྱི་འགལ་བ་སེལ་རོགས་ཞེས་རོགས་སྐྱོབ་རེ་ཞུ་བྱས། རེ་ཞུ་འབྱོར་རྗེས་ལྕགས་རོང་སྡེ་ཁུལ་གྱིས་འཕྲལ་དུ“དོན་གྲོས་ཆུང་ངུའི”ལམ་སྲོལ་སྤྱད་དེ། སྡེ་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་ལས་དོན་པ་དང་། སྡེ་ཁུལ་གྱི་ཧྲུའུ་ཅི་ཨང་དང་པོ། སྡེ་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སོགས་ལས་གྲུབ་པའི་འདུམ་འགྲིག་ཚོགས་ཆུང་གིས་གྲོང་མིའི་ཁྱིམ་དུ་བསྐྱོད་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་མཐུན་སྦྱོར་བྱས་ཡོད་པ་རེད།
ཆུ་ཚོད་ཁ་ཤས་རིང་སྤེལ་རེས་བྱས་མཐར་ཁྱིམ་ཚང་གི་འགལ་བ་འདུམ་འགྲིག་ཐུབ་ནས་འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་དང་ཐོན་མ་ཐག་ནས་ཐག་གཅོད་ཐུབ་པར་བྱས་ཡོད།
ལྕགས་རོང་སྡེ་ཁུལ་གྱིས“གཅེན་པོ་བློ་བརྟན”གྱི་འདུམ་འགྲིག་ཁང་བཙུགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་སོགས་འདིར་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ། བཟའ་ཚོའི་དབར་གྱི་འགལ་བ་དང་སྡོད་ཁང་བོགས་གཏོང་གི་རྩོད་གཞི་སོགས་ཁག་10ལྷག་ཙམ་འདུམ་འགྲིག་བྱས་པ་དང་། ས་སེར་ཕྱིར་མངོན་དང་གློག་ཤིང་གིས་འགྲོ་ལམ་བཀག་པ་སོགས་ལོ་རྒྱུས་ཀྱི་འཕྲོ་ལུས་གནད་དོན་ཁག་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་ལན་ཧུར་ཐག་བསླགས་ཡོད་པ་རེད།
“ཞབས་ཞུ་ཆུང་ངུ”ལེགས་སུ་བཏང་བ།
“དམངས་འཚོའི་དྲོ་སྐྱིད”མཉམ་རོལ་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་བ།
2025ལོའི་ཟླ་9པར། ལྕགས་རོང་སྡེ་ཁུལ་གྱི་གྲོང་མི་བསྟན་ལགས་ཀྱིས་དར་དམར་ཁྲོམ་གཞུང་དང་ལྕགས་རོང་སྡེ་ཁུལ་ལ་གོས་དར་རེ་ཕུལ་ཞིང་། དམར་མདངས་བཀྲ་བའི་གོས་དར་ཐོག“སེམས་ནུས་ཡོད་རྒུས་དམངས་འཚོར་རོགས་རམ་བྱེད། དབང་སྐྱོན་དཀའ་ངལ་ཡོད་མཁན་བརྩེ་བས་བསྐྱངས”ཞེས་པའི་ཡིག་འབྲུ་ཆེན་པོ་ཞིག་འཁོད་ཡོད་པ་ལས། སྡེ་ཁུལ་ལས་དོན་པའི་ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་པ་དང་འགན་འཁྲི་མཚོན་ཡོད། ལས་དོན་པས། སྐབས་དེ་དུས་དམིགས་བསལ་ཁྱིམ་ཚང་ལ་སྲིད་ཇུས་ལོངས་སྤྱོད་ཐུབ་ཆེད། ལྕགས་རོང་སྡེ་ཁུལ་དང་དར་དམར་ཁྲོམ་གཞུང་དམངས་འཚོ་གཞུང་ལས་ཁང་གི་ལས་དོན་པས་དུད་ཚང་དུ་མཚམས་འདྲི་དང་བརྟག་དཔྱད་བྱས་ནས་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གི་གནས་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། འབྲེལ་ཡོད་སྲིད་ཇུས་ཀྱི་བླང་བྱ་གསེད་བཀྲོལ་ནན་ཏན་དང་ཕྱོགས་ཁག་གི་ཐོན་ཁུངས་མཐུན་སྦྱོར་ཧུར་ཐག་བྱས་པས་མི་རྐྱང་ཁེར་རྐྱང་འགན་བཅོལ་གྱི་ལས་དོན་བདེ་བླག་ངང་སྒྲུབ་རྒྱུའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ཁོངས་གཏོགས་ཁུལ་གྱི་གྲོང་མི་ཁག་གཅིག་འགྲོ་སྐྱོད་སྟབས་བདེ་མེད་པ་དང་སྲིད་ཇུས་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྡེ་ཁུལ་ལས་དོན་པས་རང་འགུལ་ངང་སྔ་སྣུར་ཞབས་འདེགས་ཞུས་ཏེ། “སྒོ་རྩར་ལས་སྒྲུབ་དང་། ཚབ་སྒྲུབ་བྱེད་རོགས། བརྒྱུད་རིམ་ཧྲིལ་པོ་སྒྲུབ་གཉེར་བྱས་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ། དུད་ཚང་མི་རེ་ངོ་རེ་བཞིན་ཆ་འཕྲིན་ཞིབ་བསྡུར་དང་། སྲིད་ཇུས་ཞིབ་སྲོལ་འགྲེལ་བཤད། རེ་ཞུའི་དཔྱད་གཞིའི་ཡིག་རིགས་གྲ་སྒྲིག་བྱེད་རོགས་བཅས་བྱས་ནས་གྲོང་མི་གང་སར་རྒྱུག་མི་དགོས་པའི་སྔོན་འགོག་བྱས་ཡོད།
ལྕགས་རོང་སྡེ་ཁུལ་གྱིས་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་བཅོས་སྐྱོང་བྱེད་སྟངས་དེ“སྡེ་ཁུལ་རང་སྐྱོང”ནས“ཕྱོགས་མང་མཉམ་སྐྱོང”བར་བསྒྱུར་བར་སྐུལ་འདེད་བཏང་ནས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་གནད་སྨིན་རོགས་སྐྱོར་དང་། དམིགས་བསལ་ཀྱི་ཚོགས་སྤྱིར་གཅེས་སྐྱོང་། སྡེ་ཁུལ་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་གཏོང་། དང་བླངས་ཞབས་ཞུ་རྒྱ་ཁྱབ་བྱེད་རྒྱུ་སོགས་ཐད་བྱ་སྤྱོད་སྤེལ་ནས་ཞབས་ཞུ་ཧུར་ཐག་བསྒྲུབས་ཏེ་དམངས་སེམས་དྲོ་བར་བྱས་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་ལྕགས་རོང་སྡེ་ཁུལ་གྱིས་དཀའ་ངལ་ཡོད་པའི་ཁྱིམ་ཚང་20ལྷག་ཙམ་ལ་རོགས་སྐྱོར་བྱས་པ་དང་། དམག་ཞབས་ཐིམ་པའི་དམག་མིར་འཚམས་འདྲི་དང་ཁ་སྦུག་ནད་ཀྱི་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་མི་ཐེངས་200ལྷག་ཙམ་ལ་ཁྱབ་པར་བྱས་པ། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཐེངས་4སྤེལ་བ། དམངས་འཚོའི་གནད་དོན་ཁག་50ལྷག་ཙམ་ཐག་གཅོད་བྱས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱེད་ཚད་དང་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་བྱེད་ཚད་ཚང་མ་100%ཟིན་པ། མང་ཚོགས་བློ་ཡིད་ཚིམ་ཚད་95%བར་མཐོ་རུ་ཕྱིན་ཡོད།
འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ལྕགས་རོང་སྡེ་ཁུལ་གྱིས“ཆུང་གསུམ་མཉམ་འགུལ”གྱི་ལས་དོན་སྤེལ་སྟངས་མུ་མཐུད་གཏིང་ཟབ་ཏུ་བཏང་བ་དང་གྲོང་མིའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ལ་རྒྱུན་མཐུད་དམིགས་ཏེ། “དྲ་རྒྱ་ཆུང་ངུ”སྔར་བས་གནད་སྨིན་དང་། “དོན་གྲོས་ཆུང་ངུ”སྔར་བས་ནུས་ཆེ། “ཞབས་ཞུ་ཆུང་ངུ”སྔར་བས་མི་སེམས་སུ་ཟུག་པ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་གནད་སྨིན་ལས་སྒྲུབ་ཐོག་ནས་གཞི་རིམ་བཅོས་སྐྱོང་གི་བདེ་སྐྱིད་ཀྱི་ལེའུ་བརྩམས་ཀྱི་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།