དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟོག་འདྲེན་ལས་ལ་འབད་ནས་འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པར་བསྐྱོད།

    མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20སོང་རིང་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-05

    འདི་ནི་མཚོ་བོད་ལྕགས་ལམ་དུ་བྱ་འཕུར་བ་ལྟར་སྐྱོད་བཞིན་པའི་མེ་འཁོར་ཡིན་པ།

    འདི་ལོ་ནི་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ངོ་ཉི་ཤུ་འཁོར་བའི་ལོ་ཡིན་ཞིང་། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི(གཤམ་ལ་མཚོ་བོད་ཚོགས་པ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར། 2026ལོའི་ཟླ་4ཚེས་13ཉིན་བར། རིམ་རྩིས་བརྒྱབ་ན་མཚོ་བོད་ལྕགས་ལམ་བརྒྱུད་བོད་ནས་དངོས་ཟོག་གཏོང་འདྲེན་གྱི་སྤྱི་འབོར་ཏུན་དུང་ཕྱུར་1ལྷག་ཙམ་ཟིན་ཡོད་པ་རེད།

    2006ལོའི་ཟླ་7ཚེས་1ཉིན། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཅིང་། དུས་དེ་ནས་བཟུང་མེ་འཁོར་བརྒྱུད་བོད་ལྗོངས་དང་ལྗོངས་ཕྱིའི་དབར་ཕན་ཚུན་འབྲེལ་མཐུད་དང་མཐུན་སྦྱོར་མཉམ་གནས་བྱེད་འགོ་ཚུགས་ཡོད།

    མཁོ་སྤྲོད་འགན་ལེན་ནས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི་བར།

    ལོ་ངོ་20ཡི་རིང་། མཚོ་བོད་ལྕགས་ལམ་གྱི་ཟོག་འདྲེན་བྱེད་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཤུགས་ལོ་རེ་བཞིན་ཆེ་རུ་ཕྱིན་ནས་ཟིན་ཐོ་གསར་པ་ཡང་ཡང་བཏོད་པ་དང་སྦྲགས་བོད་ལྗོངས་ཀྱི་དངོས་ཟོག་འཁོར་རྒྱུག་གི་སྤུས་ཚད་ལེགས་སུ་དང་མྱུར་ཚད་མགྱོགས་སུ་ཕྱིན་ཡོད། དེ་ཡང་མེ་འཁོར་ཤར་གཏོང་ཐུབ་མ་ཐག་པའི་2006ལོར། བོད་ནས་དངོས་ཟོག་གཏོང་འདྲེན་བྱེད་ཚད་ཏུན་ཁྲི་36.1ལས་ཟིན་གྱི་མེད་ལ། སྐྱེལ་འདྲེན་བྱེད་ཁོངས་ལའང་བལྟོས་བཅས་ཀྱིས་ཚད་བཀག་ཡོད་པ་རེད།

    ལོ་ངོ་20ཡི་རིང་། རྒྱུན་རྣམ་ཅན་གྱི་སྤུས་ཚད་མཐོར་འདེགས་འགག་སྒྲོལ་དང་། ལྕགས་ལམ་དྲ་བ་ལེགས་སྒྱུར། སྐྱེལ་འདྲེན་བྱེད་ཤུགས་ཆེར་གཏོང་བཅས་བྱས་པ་བརྒྱུད། 2025ལོའི་ལོ་མཇུག་ཏུ་བོད་ནས་དངོས་ཟོག་ཁྱོན་ཏུན་ཁྲི་831.3གཏོང་འདྲེན་བྱས་པ་དང་ལོ་རེར་ཆ་སྙོམས་18.0%འཕར་ནས་ཟོག་འདྲེན་གྱི་ནུས་པ་ཇེ་ཆེར་ཕྱིན་ཡོད། ཞིབ་ཕྲའི་ཁྱབ་ཁོངས་ཀྱང་དུས་མཉམ་དུ་ལེགས་སུ་ཕྱིན་པ་སྟེ། བོད་དུ་འདྲེན་པའི་དངོས་ཟོག་2006ལོའི་ཏུན་ཁྲི་34ནས་2025ལོའི་ཏུན་ཁྲི་690.8བར་འཕར་ཏེ་ལོ་རེར་ཆ་སྙོམས་17.2%འཕར་བ་ལས་འཕར་ཚད་མཐོ་ཤོས་ཡིན་པའི་2019ལོར་ཏུན་ཁྲི་765ཟིན་པ་དང་། བོད་ནས་ཕྱིར་གཏོང་བའི་ཁྱད་ལྡན་དངོས་ཟོག་2006ལོའི་ཏུན་ཁྲི་2.1ནས་2025ལོའི་ཏུན་ཁྲི་140.5བར་འཕར་ཏེ་ལོ་རེར་ཆ་སྙོམས་འཕར་ཚད་24.8%ཟིན་ཡོད།

    ད་ཆ་རྡོ་སོལ་དང་། ལས་གྲྭའི་ཨར་ལས་རྒྱུ་ཆ། རྡོ་སྣུམ། འབྲུ་སྣུམ། ཞོར་ཟས། དམངས་འཚོའི་ཚོང་ཟོག་སོགས་མཚོ་བོད་ལྕགས་ལམ་གྱི་མ་གནས་དམའ་བ་དང་། ཉིན་མཚན་མེད་པར་སྐྱེལ་འདྲེན་བྱེད་པ། ལས་ཕྱོད་ཆེ་བ་བཅས་ཀྱི་ཟོག་འདྲེན་བགྲོད་ལམ་བརྒྱུད་ནས་བོད་དུ་ཐད་ཀར་འབྱོར་བས་དམངས་འཚོར་འགན་ལེན་བརྟན་པོ་བྱུང་ཡོད།

    བགྲོད་ལམ་རྐྱང་པ་ནས་ཕྱོགས་བསྡུས་ཀྱི་ལམ་དྲའི་ཕྱོགས་སུ་བསྐྱོད་པ།

    ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་ཐོན་ལས་མང་དུ་གཏོང་བ་དང་། དགོས་མཁོ་ཆེ་རུ་འགྲོ་བ། ཟོག་འགྲེམས་སྣ་མང་རིམ་སྤོར་ཡོང་བར་བྱེད་པ་བཅས་ཀྱི་དགོས་མཁོ་དངོས་ལ་དམ་པོར་དམིགས་ནས། མཚོ་བོད་ཚོགས་པ་ཀུང་སིས་གནད་སྨིན་ཤུགས་འདོན་གྱིས་ལམ་དྲའི་ཞན་ཆ་སེལ་བ་དང་། ལྕགས་ལམ་གྱི་ཕན་ནུས་ཆེ་རུ་གཏོང་བ། ཟོག་འདྲེན་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ལམ་ཐིག་གཙོ་བོའི་འགྲོ་སྐྱོད་ཀྱི་མི་མངོན་པའི་ནུས་པ་རྒྱུན་མཐུད་བཏོན་ཡོད།

    ཟོག་འདྲེན་གྱི་ལམ་ཐིག་གཙོ་བོ་ཡིན་པའི་མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་སའི་བར་གྱི་ལམ་དུམ་འདི་ཉིད་ལ་ལམ་དུམ་ཧྲིལ་པོའི་སྒྲིག་ཆས་རིམ་སྤོར་དང་། འཁོར་སྐྱོད་ཚད་གཞི་ལེགས་གཏོང་། སྐྱེལ་འདྲེན་བྱེད་ཤུགས་ཀྱི་དཔྱད་གྲངས་ལེགས་སྒྲིག་བཅས་བྱས་ཟིན་ཡོད་ལ། ལམ་རྒྱུད་དུ་མེ་འཁོར་འབབ་ཚུགས་58བར་མང་དུ་བཏང་བ་དང་། དངོས་ཟོག་ལྗིད་ཚད་ཏུན་2880དབོར་ཐུབ་པ་བཟོས་པ། འགྲུལ་སྐྱེལ་མེ་འཁོར་གྱི་འཁོར་སྐྱོད་གཏད་གྲངས་17བར་མང་དུ་བཏང་བ་ལས་ལྕགས་ལམ་གཙོ་བོའི་བསྡུ་འགྲེམས་བརྒྱུད་སྐྱེལ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    དམངས་འཚོའི་ཁྱབ་ཁོངས་སུ་བོད་དུ་འདྲེན་པའི་དངོས་ཟོག་ཐད་སྐྱེལ་གྱི་དུས་གཏན་མེ་འཁོར་གཏོང་བ་རྒྱུན་གཏན་དུ་བསྒྱུར་ཞིང་། 2025ལོར་རིམ་རྩིས་བརྒྱབ་ན་སྔོ་ཚལ་སོགས་དངོས་ཟོག་སོས་པ་ཏུན་7215སྐྱེལ་འདྲེན་བྱས་ནས། བརྒྱུད་རིམ་ཧྲིལ་པོའི་སྐྱེལ་འདྲེན་དུས་ཡུན་ཆུ་ཚོད་48ནང་ཚུན་དུ་ཐུང་དུ་བཏང་སྟེ་ས་མཐོའི་དམངས་འཚོའི་དངོས་ཟོག་མགྱོགས་མྱུར་མཁོ་སྤྲོད་ཐུབ་པའི་བགྲོད་ལམ་བཏོད་ཡོད།

    འཕྲལ་སྡོམ་འགན་སྲུང་ནས་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པ།

    དུས་ཚོད་གལ་ཆེན་དང་འགག་རྩའི་དུས་སུ་མཚོ་བོད་ལྕགས་ལམ་གྱིས་ཐོག་མཐའ་བར་གསུམ་དུ་དངོས་ཟོག་གལ་ཆེན་སྐྱེལ་འདྲེན་བྱེད་པའི་ལས་འགན་ལྕི་པོ་ཁུར་ནས། སྔོན་ལ་སྐྱེལ་འདྲེན་བྱེད་པ་དང་། སྔོན་ལ་མེ་འཁོར་དུ་བླུག་པ། སྔོན་ལ་ཟུར་སྒྲོག་སྐྱེལ་འདྲེན་བྱེད་པ་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་གཙོ་གནད་དངོས་ཟོག་ནུས་ཤུགས་ཡོད་རྒུས་འཁོར་སྐྱོད་ནུས་ལྡན་ཐུབ་པར་བྱས་ཡོད། 2025ལོར་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས་མཚོ་བོད་ཚོགས་པ་ཀུང་སིས་འཕྲལ་མར་འཕྲལ་སྡོམ་སྐྱེལ་འདྲེན་ལམ་སྲོལ་ལག་ལེན་བསྟར་བ་དང་རིམ་རྩིས་བརྒྱབ་ན་གེགས་སེལ་དངོས་ཟོག་ཏུན་1471འདོན་འཇུག་བྱས་པ་དང་གེགས་སེལ་དངོས་ཟོག་ཁག་5197སྐྱེལ་འདྲེན་བྱས་ཏེ་ཉེན་སེལ་གུད་སྐྱོབ་ཐད་སྐྱེལ་འདྲེན་གྱི་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་མཐའ་འཁྱོངས་ཀྱིས་མཚོ་བོད་ཚོགས་པ་ཀུང་སིས“ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་ནས། སྐྱེ་ཁམས་མཛའ་མཐུན་རྣམ་པའི་མཁའ་ལམ་ནུས་ཤུགས་ཡོད་རྒུས་བཏོད་ཡོད། “གཞུང་ལམ་ནས་ལྕགས་ལམ་དུ་སྒྱུར་བའི”སྐྱེལ་འདྲེན་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ནས། ལྕགས་ལམ་ནས་སྐྱེལ་འདྲེན་བྱེད་པར་འཚམ་པའི་དངོས་ཟོག་དེ་བས་མང་བ་གཞུང་ལམ་ནས་ལྕགས་ལམ་དུ་སྒྱུར་རྒྱུར་ཁྲིད་སྟོན་བྱས་པས། ས་ཁོངས་ཀྱི་ཐཱན་འབུད་ཚད་ཉུང་དུ་ནུས་ལྡན་ཕྱིན་ཏེ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་རམ་འདེགས་ཐུབ་ཡོད་པ་དང་། དེ་བཞིན་དོས་སྒམ་རྣམ་པའི་སྐྱེལ་འདྲེན་བྱེད་སྟངས་ཁྱབ་གདལ་བཏང་ནས་རྡོ་སོལ་དང་ཨར་འདམ་དུལ་རྒྱུ་སོགས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འགན་ཁུར་ཏེ་འདོན་འཇུག་དང་བརྒྱུད་སྐྱེལ་བྱེད་སྐབས་ཀྱི་ཟད་གྲོན་དང་དེ་བཞིན་ཐལ་རྡུལ་ལངས་ཚད་ཉུང་དུ་ཤུགས་ཆེན་བཏང་ནས་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཡོད།

    ལོ་ངོ་20ཡི་རིང་ཆར་རླུང་ལ་མི་འཛེམ་པར་མདུན་སྐྱོད་བྱས་ཤིང་། མཚོ་བོད་ལྕགས་ལམ་གྱིས་གངས་ལྗོངས་ཀྱི་དམངས་འཚོ་དང་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱས་ཏེ་མྱུར་འཁོར་ལ་བརྟེན་ནས་ཡུལ་གྲུ་གཞན་དང་ས་མཐོ་སྦྲེལ་ཏེ་དར་རྒྱས་གོང་འཕེལ་ཡོང་བར་གཞོལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།