དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཀུན་བཟང་ཆོས་སྒྲོན་གྱིས་བརྩེ་སེམས་ཟབ་མོས་དམིགས་བསལ་ཕྲུ་གུར་གཅེས་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-05

    1982ལོར། ཀུན་བཟང་ཆོས་སྒྲོན་ལྷོ་ཁར་སྐྱེས། དུས་རབས་ཀྱིས་བུད་མེད་ལ་སློབ་གསོ་ཐོབ་དབང་སྤྲད་པ་ལས་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཨ་མའི་མི་རབས་དེའི་སློབ་གྲྭར་སྐྱོད་མྱོང་མེད་པའི་བློ་ཕམ་བརྗེད་མི་སྲིད།

    དུས་རབས་ཀྱི་གོ་སྐབས་ལས་ཀུན་བཟང་ཆོས་སྒྲོན་སློབ་ཆུང་ཐོན་རྗེས་ཀོང་ཏུང་ཧུའེ་ཀྲོའུ་སློབ་འབྲིང་བརྒྱད་པར་སློབ་སྦྱོང་བྱེད་པར་བསྐྱོད་དེ་ཤེས་བྱའི་གནས་ལ་སྦྱངས་པ་མཐར་ཕྱིན་བྱས་ནས་རང་ཉིད་ཀྱི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་བཏང་བ་མ་ཟད། ཁོང་གི་ལས་རིགས་གདམ་ག་བྱེད་པའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད། 2004ལོར། སློབ་གྲྭ་ཐོན་མ་ཐག་པའི་ཀུན་བཟང་ཆོས་སྒྲོན་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ལ་གྱུར་ནས་འཆད་སྟེགས་སྟེང་དཔེ་ཁྲིད་མི་སྐྱོང་གི་ཐོག་མའི་བསམ་འདུན་དེ་བས་བརྟན་དུ་ཕྱིན་ཡོད།

    2011ལོར། ལྷོ་ཁ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་གྲབས་འཛུགས་བྱེད་པའི་གནས་ཚུལ་ཐོས་རྗེས“དམིགས་བསལ”ཞེས་པའི་ཡིག་འབྲུ་དེ་གཉིས་ལ་ཀུན་བཟང་ཆོས་སྒྲོན་དོ་སྣང་ཆེན་པོ་བྱུང་ཞིང་། སྐབས་དེ་དུས་ཁོང་གིས་དམིགས་བསལ་སློབ་གསོ་ཞེས་པར་རྒྱུས་མངའ་གཏན་ནས་མེད། འོན་ཀྱང་ནང་མི་ཚོའི་རྒྱབ་སྐྱོར་ཤུགས་ཆེན་འོག་ཁོང་གིས་བློ་ཐག་ཆོད་པོས་མིང་ཐོ་བཀོད་པ་ལས་དམིགས་བསལ་སློབ་གསོའི་དགེ་རྒན་ཞིག་ཏུ་གྱུར་པ་དང་དུས་དེ་ནས་བཟུང་དམིགས་བསལ་གྱི་ཕྲུ་གུ་མང་དག་ཅིག་དང་ལས་འབྲེལ་ཟབ་མོ་བྱུང་ཡོད།

    སློབ་གྲྭའི་གྲབས་འཛུགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ལྷོ་ཁའི་རྫོང་5ནས་དགེ་རྒན་30སྐོང་འཐེན་བྱས་ཡོད། ཀུན་བཟང་ཆོས་སྒྲོན་ཁྲང་ཧྲ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་ལས་ཐོག་གསོ་སྦྱོང་ལོ་གཅིག་བྱེད་པར་མངགས། ཁོང་གིས་སྤྱི་སྤྱོད་ལག་བརྡ་དང་། ལག་བརྡའི་བཀོད་འདོམས་སློབ་ཁྲིད་བྱེད་སྟངས་སོགས་ཆེད་ལས་རྩལ་ནུས་ལ་ཞིབ་འཇུག་ཞིབ་ཚགས་བྱས་ཏེ་དམིགས་བསལ་སློབ་གསོའི་བྱ་གཞག་ནང་ཞུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཁོང་ནི་རྩལ་ནུས་དགེ་རྒན་དང་། འཚོ་བའི་དོ་དམ་པ། འབྲེལ་གཏུག་པ་བཅས་ཡིན་ལ། བྱིས་པ་ཚོའི་བསམ་པའི་བརྟེན་ས་ཡང་ཡིན་པས། ཁོང་གིས་སྤྲོ་སྣང་དང་བྱམས་བརྩེ་ཆེན་པོས་བྱིས་པ་ཚོའི་འཇིགས་སྣང་སེལ་གང་ཐུབ་བྱེད་ཀྱི་ཡོད།

    ད་ཆ། སློབ་གྲྭ་དེ་ལོང་བ་དང་། འོན་པ། རིག་སྟོབས་ཉམས་པ་བཅས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སློབ་གསོ་དང་། འོས་འགན་སློབ་གསོ། ལས་རིགས་སློབ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭར་འཕེལ་རྒྱས་བྱུང་བ་དང་། བརྒྱུད་ལམ་སྣེ་མང་སློབ་ཁང་དང་། ཚོར་སྣང་གཅིག་གྱུར་གྱི་སྦྱོང་བརྡར་ཁང་། སྐད་ཆ་ཉན་ནུས་སླར་གསོ་སྦྱོང་བརྡར་ཁང་སོགས་སྔོན་ཐོན་སྒྲིག་ཆས་ཆ་ཚང་ཡོད་པ་རེད།

    2014ལོར། སློབ་གྲྭའི་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པ་དངོས་སུ་བཙུགས་པ་དང་། ཀུན་བཟང་ཆོས་སྒྲོན་གྱིས་ཚོགས་གཙོའི་འགན་འཁུར་ནས་དམིགས་བསལ་གྱི་ཕྲུ་གུ་ཚོ་ཁྲིད་དེ་སྒྱུ་རྩལ་ལ་བརྟེན་ནས་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་དུ་ཆས། ཚོགས་གཙོ་བྱས་པའི་ལོ་བཅུ་ལྷག་ཙམ་རིང་ཁོང་གིས་ཕྲུ་གུ་ཚོ་དང་མཉམ་དུ་འགྲེམས་འཁྲབ་སྣ་ཚོགས་ནང་ཞུགས་ཡོད་དེ། ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཉམ་སྤྲོའི་མཚན་ཚོགས་ནས་རྒྱལ་ཡོངས་དབང་པོ་སྐྱོན་ཅན་བའི་སྒྱུ་རྩལ་མཉམ་འཁྲབ་སོགས་རྒྱལ་ཁབ་རིམ་པའི་གར་སྟེགས་བར་ལྗོངས་ཕྱི་ནང་གང་སར་སྐྱོད་ཡོད།

    ཀུན་བཟང་ཆོས་སྒྲོན་གྱི་ངོས་ནས་བརྗོད་ན། ཕྲུ་གུ་ཚོ་གར་སྟེགས་ཐོག་འཁྲབ་སྟོན་བྱེད་དུ་འཇུག་དོན་ནི་བྱ་དགའི་ཆེད་དུ་མ་ཡིན་པར། འོད་འདུས་གློག་སྒྲོན་གྱིས་ཕྲུ་གུ་ཚོའི་འཛུམ་མདངས་མངོན་པ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་ཁོང་ཚོར་ཁས་ལེན་ཐོབ་པ་དང་གདེང་ཚོད་ཆེ་རུ་འགྲོ་བའི་རེ་བ་ཡོད། སྒྱུ་རྩལ་ཚོགས་པས་ཀྱང་ཐུན་མོང་མ་ཡིན་པའི་མཚོན་ཚུལ་དང་གསོན་ཤུགས་ལ་བརྟེན་ནས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་བླངས་ཡོད། དམིགས་བསལ་སློབ་གསོའི་འཐབ་ས་དང་པོར་གཞི་ཚུགས་ཏེ་བརྟན་སྲུང་དང་བློས་གཏོང་ལ་བརྟེན་ནས་ཀུན་བཟང་ཆོས་སྒྲོན་ལའང་སྔ་རྗེས་སུ་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དགེ་རྒན་དང་རྒྱལ་ཡོངས་ཀྱི་དགེ་རྒན་ཡག་ཤོས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། མཚན་སྙན་དེ་དག་ཀྱང་ཁོང་གིས་ལོ་མང་བློས་གཏོང་བྱས་པའི་བྱ་དགའ་ཡག་ཤོས་དག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།