ངལ་གསོའི་དུས་ཆེན་རིང་སྔར་བཞིན་ལས་གནས་བརྟན་སྲུང་ལ་བྲེལ་བཞིན་པ།
——“ལྔ་གཅིག”ངལ་གསོའི་རིང་གི་འཐབ་ས་དང་པོའི་ལས་གནས་ཐོག་གི་མཐོང་ཐོས།

འདི་ནི་སྨན་པ་ལིའུ་ཞའོ་ཞ་ཡིས་ནད་ཁང་དུ་ནད་པའི་ནད་གཞིའི་སྐོར་སྐད་ཆ་འདྲི་བཞིན་པ།

འདི་ནི་སྐལ་བཟང་ཆོས་སྒྲོན(གཡོན་གྱི་དང་པོ)གྱིས་མྱུར་སྐྱེལ་དབྱེ་འབྱེད་བྱེད་བཞིན་པ།

འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་ཆེས་མཐོ་གནོན་ཡན་ལག་ཀུང་སིའི་ལས་དོན་པས་ཆན་ཧྥུའུ་500ཡི་འཕན་པོ་གློག་སྒྱུར་ས་ཚིགས་སུ་སྨུག་ཕྱིའི་གློག་གཏོང་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པ།

འདི་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་རྨང་གཞིའི་སྒྲིག་བཀོད་དུམ་བུའི་ལས་སྒྲུབ་ལམ་མདོ་དང་ལམ་ཐིག་གི་གཙོ་གནད་ཉམས་གསོའི་འཁོར་ཁང་ཆེ་གྲས་གཉིས་ཀྱི་ལས་དོན་པས་ལྷ་ས་འབབ་ཚུགས་སུ་འཁོར་ལམ་སྲུབས་མེད་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱེད་བཞིན་པ།
“ལྔ་གཅིག”ངལ་གསོའི་རིང་ལྷ་སའི་གནའ་གྲོང་དུ་འཁྲུག་ཆ་དོད་ཅིང་། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཕྱིར་སྤྲོ་གསེང་དུ་སྐྱོད་པ་དང་། གླིང་ཁ་གཏོང་བ། མཛེས་ལྗོངས་མྱོང་རོལ་བཅས་བྱས་ཏེ། གུང་གསེང་གི་སྤྲོ་སྣང་དང་སོས་དལ་བག་ཕེབས་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་མཆིས། ཡིན་ནའང་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་དང་། སྨན་ཁང་གི་ནད་བརྟག་ཁང་། སྡེ་ཁུལ་གྱི་ཐོག་ཁང་བཅས་སུ་མི་མང་པོ་ཞིག་གིས་སྔར་བཞིན་ངལ་གསོ་མ་བརྒྱབ་པར་རང་འཁྲིའི་ལས་ལ་གཞོལ་བཞིན་ཡོད། ཁོང་ཚོས་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་གྲོང་ཁྱེར་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་དང་ལེགས་སྐྱེས་འབུལ་བར་བརྟེན་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་ཀྱི་ཡོད།
ལག་ཏུ་ཕྱགས་མ་བཟུང་ནས་གནའ་གྲོང་གཙང་མ་ཡོང་བར་བྱེད་པ།
གླིང་སྐོར་ནུབ་ལམ་གྱི་ཁྲོམ་གཞུང་ཞིག་ཏུ་ཁོར་ཡུག་གཙང་སྦྲ་བ་དབང་མོས་ཕྱགས་མ་བཟུང་ནས་གད་གཙང་མ་རྒྱག་པར་བྲེལ།
“དུས་ཆེན་སྐབས་ཁྲོམ་གཞུང་དུ་མི་མང་དུ་འགྲོ་བས་འགྲོ་ལམ་གཙང་མ་བཟོས་ནས་ཚང་མ་བློ་བདེ་བག་ཕེབས་ཡོང་བ་བྱེད་ཀྱི་ཡོད”ཅེས་དབང་མོས་བཤད། གུང་གསེང་རིང་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་བསྟུན་ནས་འགྲོ་ལམ་གཙང་སྦྲའི་ལས་འགན་རིམ་བཞིན་ལྕི་རུ་སོང་བ་དང་ཁོར་ཡུག་གཙང་སྦྲའི་ལས་འབོར་ཡང་དེ་དང་སྦྲགས་ཏེ་ཆེ་རུ་ཕྱིན་ཡོད།
ཉིན་དགུང་གི་མཚམས་སུ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་མི་ཚོཌ་ཀྱིས་ཁེངས་ཤིང་། གྲོང་མི་དང་ཡུལ་སྐོར་བས་དྲོ་སྐྱིད་ལྡན་པའི་ཉི་འོད་འོག་རང་བྱུང་མཛེས་ལྗོངས་ལ་རོལ་བ་དང་སྒོར་གཞས་འཁྲབ་ནས་གུང་གསེང་དགའ་གཏོང་བྱེད་ཀྱི་ཡོད། དབང་མོ་དང་ལས་རོགས་གཞན་གཉིས་ངལ་གསོ་ཏོག་ཙམ་བརྒྱབ་རྗེས་མུ་མཐུད་སྤྱི་གླིང་གི་ངལ་གསོའི་ཐང་ཆེན་དུ་གཙང་སྦྲ་བྱེད་པ་དང་སྤྱི་གླིང་ནང་གི་གད་སྙིགས་བླུགས་སྒམ་དང་དྲིལ་བསྒྲགས་འགྲེམས་པང་སོགས་གཅིག་ཀྱང་མ་ལུས་པར་གཙང་ཕྱིས་རྒྱག་གི་ཡོད།
“གུང་གསེང་རིང་སྤྱི་གླིང་དུ་ཡོང་མཁན་ཧ་ཅང་མང་པོ་འདུག ང་ཚོས་གཙང་སྦྲ་ཡག་པོ་བྱས་ན་སྤྱི་གླིང་གཙང་མ་ཆགས་ནས་ཚང་མ་སེམས་པ་སྐྱིད་པོ་ཡོང་ངེས་རེད”ཅེས་དབང་མོའི་བབ་ཆགས་པའི་སྐད་ཆ་ལས་ས་མཐོའི་ཁོར་ཡུག་གཙང་སྦྲ་བའི་ཐུན་མོང་གི་བསམ་འདུན་མངོན་ཡོད།
དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ཚེ་སྲོག་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
“ལྔ་གཅིག”ངལ་གསོའི་རིང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་འཕྲལ་བཅོས་ཚན་ཁག་སྔར་རྒྱུན་བཞིན་སྒོ་ཕྱེ་ཡོད། ལིའུ་ཞའོ་ཞ་ནི་ད་ཐེངས་ཀྱི་ལས་རེས་སྨན་པའི་གྲས་ཤིག་ཡིན་ཞིང་། “ང་ཚོས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། ང་ཚོས་ལས་གནས་སྐར་མ་གཅིག་ཐོལ་པ་བརྟན་པོ་བསྲུངས་ཚེ་ནད་པར་སྨན་བཅོས་ཀྱི་རེ་བ་དེ་བས་མང་བ་སྦྱིན་ཐུབ”ཅེས་ལིའུ་ཞའོ་ཞ་ཡིས་བཤད་པ་དང་། ཁོང་གིས“མྱུར་སྐྱོབ་ཁ་པར་འབྱོར་བ་ནས་ནད་བརྟག་པའི་བར་དང་ནད་པར་མྱུར་སྐྱོབ་བྱེད་པ་ནས་རྗེས་མཐུད་ནད་སྐྱོང་བྱེད་པའི་བར་གྱི་ལྷུ་ཚིགས་ཚང་མར་ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང”ཞེས་བཤད།
མྱུར་སྐྱོབ་ཚན་ཁག་དང་འདྲ་བར་ཁྲག་རྩའི་ཕྱི་ནད་ཚན་ཁག་སོགས་སུའང་བྲེལ་བ་ཆེན་པོ་ཡོད། ངལ་གསོའི་རིང“གོས་དཀར་ལྷ་རྗེ”ཚོས་ནང་མི་དང་མཉམ་འཛོམས་དང་ཕྱིར་ཡུལ་སྐོར་དུ་སྐྱོད་པའི་གོ་སྐབས་དོར་ནས་ཐོག་མཐའ་བར་གསུམ་དུ་ལས་ཀའི་འཐབ་ས་དང་པོ་བརྟན་པོར་སྲུང་བཞིན་ཡོད། “ནད་སྐྱོང་པ་ཞིག་ཡིན་པའི་ངོས་ནས་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན། དུས་ཆེན་དང་ངལ་གསོ་གང་ཡིན་རུང་ནད་བཅོས་སྲོག་སྐྱོབ་བྱེད་དགོས་ཚེ་ང་ཚོས་ངེས་པར་དུ་ཁྱིམ་ཆུང་དོར་ནས་ཚང་མའི་ཆེད་དུ་ལས་རེས་བརྟན་སྲུང་མཐའ་འཁྱོངས་བྱེད་ཀྱི་ཡོད”ཅེས་ཁྲག་རྩའི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་དང་ཚན་ཁག་གི་ཀྲུའུ་རེན་ཕུར་བུ་ཚེ་རིང་གིས་བཤད།
དཀའ་སྡུག་མཉམ་མྱོང་བྱས་ནས་དམངས་འཚོའི་ཞབས་ཞུའི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ།
བསྐུར་མ་དུས་ཐོག་ཏུ་བདག་པོའི་ལག་ཏུ་འཕྲོད་པར་བྱ་ཆེད། “ལྔ་གཅིག”ངལ་གསོའི་རིང་སྐལ་བཟང་ཆོས་སྒྲོན་དང་དྲ་ཚིགས་ཀྱི་མྱུར་སྐྱེལ་བ་16གིས“གུང་གསེང་རིང་ངལ་མི་གསོ་བའི”མངགས་སྐྱེལ་བྱེད་སྟངས་སྤྱོད་འགོ་ཚུགས་ཤིང་། “ངལ་གསོའི་རིང་མྱུར་སྐྱེལ་གྲངས་འབོར་རྣམ་ཀུན་དང་འདྲ་པོ་ཡིན་རུང་། ཉིན་ལྟར་མྱུར་སྐྱེལ་བསྐུར་མ་200ཙམ་སྡེབ་སྐྱེལ་བྱེད་དགོས་ཀྱི་འདུག”ཅེས་གསར་འགོད་པ་མཐོང་སྐབས་སྐལ་བཟང་ཆོས་སྒྲོན་གྱིས་བསྐུར་མ་རྩིས་ལེན་མཁན་གྱི་ཆ་འཕྲིན་ཞིབ་བསྡུར་བྱེད་ཞོར་དུ་སྦྲག་བསྐུར་འདོན་འཇུག་བྱེད་ཀྱིན་བཤད།
མྱུར་སྐྱེལ་ལས་ལ་ཞུགས་ནས་ལོ་9སོང་རིང་། སྐལ་བཟང་ཆོས་སྒྲོན་གྱིས་མཚན་མོའི་སྡོད་བྱ་གྲངས་མེད་བྱས་ཤིང་། ལས་བྲེལ་ཇི་ལྟར་ཆེ་བ་དང་དཀའ་ལས་ཇི་ལྟར་ཁག་རུང་ཁོང་གིས“མི་གཞན་ལ་ང་རང་དགོས་མཁོ་ཡོད་པ་ནི་ང་རང་གི་གཟི་བརྗིད་ཅིག་ཡིན”པའི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བསྐུར་མ་ཚང་མ་དུས་ཐོག་ཏུ་བསྐྱལ་བ་དང་། དཀའ་ངལ་ཁྱད་བསད་ཀྱིས་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ལ། མི་རྣམས་ལ་དྲོ་སྐྱིད་ཀྱང་སྦྱིན་ཡོད།
གྲོང་ཁྱེར་གཙང་མ་ཡོང་བར་བྱེད་མཁན་ཁོར་ཡུག་གཙང་སྦྲ་བ་དང་། ཚེ་སྲོག་དང་བདེ་ཐང་སྲུང་སྐྱོང་བྱེད་མཁན་ནད་སྐྱོང་བ། དམངས་འཚོར་སྟབས་བདེ་སྐྲུན་མཁན་མྱུར་སྐྱེལ་བ་ལ་སོགས་པ་ནི་ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པ་གྲངས་ལས་འདས་པའི་མཚོན་ཚུལ་ཞིག་རེད། འདི་ལྟར་དུས་ཆེན་འཆར་རིམ་བཞིན་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་བབ་ཆགས་ཤོས་ཀྱི་བྱ་སྤྱོད་ཐོག་ནས“ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། བླ་ན་མེད་ཤོས། རླབས་ཆེ་ཤོས། མཛེས་སྡུག་ལྡན་ཤོས”བཅས་ཀྱི་ནང་དོན་ཟབ་མོར་གསལ་འགྲེལ་རྒྱག་བཞིན་ཡོད།
རླབས་ཆེ་བའི་ངལ་རྩོལ་པ་ཚང་མར་གུས་འདུད་ཞུ།
འབྲེལ་ཡོད་གསར་འགྱུར།