མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས།
སློབ་གྲྭར་བཙན་གཡེམ་སྔོན་འགོག་གི་ཁྲིམས་སྐྱོང་བདེ་འཇགས་སློབ་གསོ་བརྒྱབ་པ།
ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་དང་བདེ་འཇགས་ངང་འཚར་ལོངས་ཡོང་བར་འགན་སྲུང་ཏན་ཏིག་བྱས་ནས། ན་སོ་དར་ལ་མ་བབས་པའི་མིའི་རང་ངོས་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་སྔར་བས་ཆེ་རུ་བཏང་སྟེ། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་སྔོན་འགོག་ནུས་ལྡན་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་གྱིས་མངའ་རིས་ས་ཁུལ་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭའི་སློབ་མ་300ལྷག་ཙམ་ལ་གསོན་ཉམས་དོད་ལ་སྤྱོད་གོ་ཆོད་པའི་བཙན་གཡེམ་སྔོན་འགོག་གི་ཁྲིམས་སྐྱོང་བདེ་འཇགས་སློབ་གསོའི་སློབ་ཚན་ཞིག་ཁྲིད་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཆེད་ལས་བཅའ་ཁྲིམས་ཤེས་བྱ་དང་སྤྱོད་གོ་ཆོད་པའི་རང་སྲུང་ཐབས་རྩལ་མཉམ་འདྲེས་གཏིང་ཟབ་བྱས་པས། ཕྲུ་གུ་ཚོའི་བཙན་གཡེམ་སྔོན་འགོག་ཐད་ཀྱི་ངོས་འཛིན་ཟབ་ཏུ་ཕྱིན་ཡོད་ལ། མི་སྒེར་གྱི་གསང་སྲུང་འདུ་ཤེས་དང་རང་ངོས་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཡང་ཕྱིན་ཡོད། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལ་རྒྱུན་མཐུད་དམིགས་ནས་རང་འགུལ་ངང་འགན་ནུས་འདོན་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས“སློབ་གྲྭར་བཅའ་ཁྲིམས་དྲིལ་བསྒྲགས”བྱེད་སྒོ་སྤེལ་བ། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།