ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས།
“བྱ་ཐབས་ཁག་བཞི”ལ་བརྟེན་ནས་མེ་ཟོན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགན་ལེན་བྱས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་ཤང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་གྱི་འགག་རྩའི་དུས་སྐབས་ལ་དམིགས་ཏེ། འགན་འཁྲི་ནན་དཀྲི་དང་། དྲིལ་བསྒྲགས་ལ་ཤུགས་སྣོན། དོ་དམ་དང་འགོག་ཟོན་ནན་པོ། འཕྲལ་སྡོམ་ནུས་པ་ཆེར་གཏོང་བཅས“བྱ་ཐབས་ཁག་བཞི”ལ་བརྟེན་ནས་ཕྱོགས་ཡོངས་ལ་ཁྱབ་པའི་འགོག་ཟོན་མ་ལག་བཏོད་དེ་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།
ཤང་རིམ་པས་འཕྲལ་མར་ཆེད་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དབྱེ་ཞིབ་མཐའ་དཔྱོད་དང་འགན་འཁྲི་ཁག་བགོས་དང་དུས་མཚམས་ཞིབ་ཕྲ་དབྱེ་སྟེ། མེ་ཟོན་ལས་དོན་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོའི་གནས་སུ་བཞག་ཡོད། དྲ་ཐོག་ཏུ་གློག་རྡུལ་དྲིལ་བསྒྲགས་དང་། རྒྱང་བསྒྲགས། སྐད་འཕྲིན་སྤྱི་སྟེགས་ཨང་རྟགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། མེ་ཟོན་ཆ་འཕྲིན་ཁག་100ལྷག་ཙམ་བཏང་བ་དེ་མི་ཐེངས་3000ལྷག་ཙམ་ལ་ཁྱབ་ཡོད་པ་དང་། དྲ་ཕྱིར་དྲིལ་བསྒྲགས་དཔྱད་གཞི་ཁག་1000ལྷག་ཙམ་སྤྲད་པ་དང་། འཕྲེད་འགེལ་སྦྱར་ཡིག་50ལྷག་ཙམ་བཀལ་བ། དྲིལ་བསྒྲགས་སྦྱར་ཡིག་ཤོག་ལྷེ་30ལྷག་ཙམ་སྦྱར་བ། སྤྱི་ཕན་བརྡ་ཁྱབ་བྱང་བུ་20ལྷག་ཙམ་བསྒར་བ་བཅས་བྱས་ནས། མེ་ཟོན་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཡོད་པ་རེད།
དེ་དང་དུས་མཚུངས། སྐོར་ཞིབ་རུ་ཁག་སྒྲིག་འཛུགས་བྱས་ཏེ་ལེབ་བཤེར་རྣམ་པའི་གྲལ་བཤེར་ཐེངས་30ལྷག་ཙམ་བྱས་པ་དང་། གཙོ་གནད་ཐོག་ཨར་སྐྲུན་བྱ་ཡུལ་དང་གློག་གཏོང་སྐུད་ལམ་རྒྱུད་ཀྱི་ཁུལ་ཁོངས་ལ་དམིགས་ཏེ། ཕྱི་རོལ་དུ་མེ་གཏོང་བའི་གནད་དོན་ཁག་4བཀག་འགོག་དང་མངོན་མེད་རྐྱེན་ངན་ཁག་20ལྷག་ཙམ་བསལ་བ་དང་། ཡུལ་མི་800ལྷག་ཙམ་སྐུལ་སློང་བྱས་ཏེ“མི་ཐབས་དང་འཕྲུལ་ཆས”ཟུང་དུ་འབྲེལ་བའི་རྣམ་པར་བརྟེན་ནས་ནགས་ཚལ་ས་འབྲེལ་ཁུལ་སོགས་ཁུལ་ཁོངས་ཀྱི་འབར་དངོས་ཏུན་20ལྷག་ཙམ་གཙང་སེལ་བྱས་པ་དང་། ཆུ་གཏོར་བརླན་སྣོན་གྱི་ལས་ཀ་ཐེངས་10ལྷག་ཙམ་བྱས་པ་རེད།
ཚ་བ་རོང་ཤང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར། “དམག་རྒྱག་ཁའི”རྣམ་པ་རྒྱུན་འཁྱོངས་ཀྱིས་གཙོ་གནད་ཁུལ་ཁོངས་དང་འགག་རྩའི་དུས་ཚོད་ལ་དམ་པོར་དམིགས་ཏེ། མེ་ཁུངས་ལྟ་སྡོམ་དང་སྔོན་ཚུད་ཉེན་བརྡའི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་མེ་ཟོན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།