བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་བཏོད་དེ་མི་དམངས་ཀྱི་འཚོ་བའི་དགོས་མཁོ་བསྐངས་པ།
——ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

འདི་ནི་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་པས་བཟའ་བཅའ་འཐེན་བཤེར་བྱེད་བཞིན་པ།(ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་པར་རིས་མཁོ་འདོན་བྱས)
2025ལོར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བདེ་འཇགས་སྲུང་བ་དང་དམངས་འཚོར་དམིགས་ཏེ་ཁེ་དབང་སྲུང་སྐྱོང་བྱེད”ཅེས་པའི་ལས་ཀའི་གཙོ་རྐང་ལ་དམ་འཛིན་ལྷོད་མེད་བྱས་ནས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་དང་། བཟའ་བཅའི་བདེ་འཇགས་དང་། སྨན་རྫས་བདེ་འཇགས། བཟོ་ལས་ཐོན་རྫས། དམིགས་བསལ་སྒྲིག་ཆས་ལ་ལྟ་སྐུལ་དོ་དམ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་སོགས་ཀྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་བྱས་ཏེ་བྱ་ཐབས་ནན་པོར་བརྟེན་ནས་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་དང་འཛད་སྤྱོད་ཁོར་ཡུག་ལེགས་སུ་བཏང་ནས། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་ཁྲིམས་མཐུན་འཛད་སྤྱོད་ཁེ་དབང་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད།
ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས“ཞུ་འབྱོར་འཕྲལ་སྒྲུབ”ཀྱི་ལས་ཀའི་ལམ་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། བདག་སྤྲོད་དང་། ཁག་བགོས་སྒྲུབ་གཉེར། ཐག་གཅོད། སྒྲུབ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལེགས་སུ་གཏོང་བ། ཞུ་གཏུག་དང་ཐེར་འདོན་མགྱོགས་མྱུར་དང་ལེན་དང་ནུས་ཆེའི་ངང་སྒྲུབ་གཉེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། 2025ལོར། 12315ལས་སྟེགས་ཀྱིས་ཞུ་གཏུག་དང་ཐེར་འདོན་སྣ་ཚོགས་1759བདག་སྤྲོད་བྱས་པར་སྒྲུབ་གཉེར་བྱེད་ཚད་100%ཟིན་པ་དང་རིམ་རྩིས་བརྒྱབ་ན་འཛད་སྤྱོད་པར་དཔལ་འབྱོར་གྱོང་གུན་སྒོར་ཁྲི་212.45མི་ཕོག་པར་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད།
མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བཟའ་བཅའ་དང་། སྨན་རྫས། བཟོ་ལས་ཐོན་རྫས། དམིགས་བསལ་སྒྲིག་ཆས་བཅས་བདེ་འཇགས་ཁྱབ་ཁོངས་ཆེན་པོ་བཞིར་དམིགས་ནས། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས“ནན་ཤོས་བཞིའི”བླང་བྱ་མཐའ་འཁྱོངས་བྱས་ཏེ་འཁོར་འབྲེལ་ཧྲིལ་པོ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཁུག་ཆ་མི་ལུས་པ་བཅས་ཀྱི་ལྟ་སྐུལ་དོ་དམ་བྱས་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ཡོད། བཟའ་བཅའི་བདེ་འཇགས་ཐད་ཤ་རིགས་ཐོན་རྫས་དང་། བཟའ་བཅའི་སྦྱོར་རྟ། དྲ་ཐོག་ནས་འཚོང་བའི་བཟའ་བཏུང་། མཚན་ཁྲོམ་གྱི་བཟའ་བཅའ། སློབ་གྲྭའི་བཟའ་བཅའ་སོགས་གཙོ་གནད་བཟའ་བཅའི་རིགས་དང་རྣམ་པར་དམ་པོར་དམིགས་ནས། ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། ལོ་འཁོར་མོར་ལས་རིགས་ཀྱི་སྒྲིག་འགལ་གནད་དོན་ཁག་200ལྷག་ཙམ་ཡོ་བསྲང་དང་བཅོས་སྒྲིག་བྱས་པ། བཟའ་བཅའི་བདེ་འཇགས་འཐེན་བཤེར་བྱེད་ཚད་མི་སྟོང་རེར་ཁག་ཐེངས་7ཟིན་པ། འཐེན་བཤེར་ཁྱབ་ཚད་ལྗོངས་ཡོངས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ནས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”བསྲུངས་ཡོད།
སྨན་རྫས་བདེ་འཇགས་ཐད་སྨན་རྫས་ཀྱི“འབྱུང་རྩ་གཙང་སེལ”གྱི་བྱ་སྤྱོད་ཏན་ཏིག་སྤེལ་ཏེ། ཁོངས་གཏོགས་ཁུལ་གྱི“རྫས་གཉིས་འཕྲུལ་གཅིག”གི་གཉེར་སྐྱོང་བེད་སྤྱོད་ཚན་པར་ལྟ་འདོམས་མངོན་འགྱུར་བྱུང་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་40ལྷག་ཙམ་ཡོ་བཅོས་བྱས་པ་དང་། དྲ་ཐོག་ནས་སྨན་རྫས་འཚོང་བར“ངེས་པར་དུ་ཞིབ་བཤེར་བྱེད་དགོས་པ་གསུམ་དང་གཙོ་གནད་བཅུའི”ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་པས་ཐོ་འགོད་བྱེད་ཚད་100%ཟིན་པ་དང་། སྨན་རྫས་ཀྱི་ཡོང་ཁུངས་ཕུགས་འདེད་ཐུབ་པ་དང་འགྲོ་ས་ཞིབ་བཤེར་ཐུབ་པའི་འགན་ལེན་བྱས་ནས་མང་ཚོགས་ཀྱིས་སྨན་རྫས་དང་འཕྲུལ་ཆས་བདེ་འཇགས་ངང་སྤྱོད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
བཟོ་ལས་ཐོན་རྫས་དང་དམིགས་བསལ་སྒྲིག་ཆས་ཐད་བཟོ་ལས་ཐོན་རྫས་ཀྱི་ལག་ཁྱེར་ཡོད་པའི་ཁེ་ལས་7ལ་འགུལ་རྣམ་ལྟ་འདོམས་བྱས་ཏེ། ཆེད་ལས་ཁྲོམ་རའི་གཉེར་སྐྱོང་ཚན་པ་52ཚད་ལྡན་དུ་བཏང་བ་དང་། སོལ་རླངས་ཐབ་ཆས་དང་གློག་སྐུད་སོགས་ཀྱི་ཐོན་རྫས་ཁག་ཐེངས་200ལ་སྤུས་ཚད་ལྟ་སྐུལ་འཐེན་བཤེར་བྱས་པར་ཚད་ལོན་ཚད་100%ཟིན་ཡོད། དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པ་145ལ་ལེབ་བཤེར་བྱས་པ་ལས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་53བསལ་བ་དང་། “ལོ་མང་ཕྱིན་པའི”གློག་སྐས་རྙིང་པ་སོགས་ཉེན་ཆེའི་སྒྲིག་ཆས་ལ་གཙོ་གནད་ཐོག་དམིགས་ནས་འཁོར་སྐྱོད་བརྟན་པོ་ཡོང་བར་བྱས་ཡོད།
དམངས་འཚོའི་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་སྒྱུར་གྱོད་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་བཟའ་བཅའ་དང་། སྨན་རྫས་དང་འཕྲུལ་ཆས། ཚད་འཇལ། བརྡ་ཁྱབ་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་གྱོད་གཞི་ཁག་32ཞིབ་བཤེར་ཐག་གཅོད་བྱས་པ་མ་ཟད། དངུལ་ཆད་དང་གཞུང་བཞེས་བཏང་བའི་དངུལ་འབོར་སྒོར་ཁྲི་15ལྷག་ཙམ་ཟིན་ཡོད། ཁྲིམས་སྒྱུར་ནན་པོས་ཟིལ་གྱིས་གནོན་ཤུགས་ཆགས་པར་བྱས་ནས་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ཡོད།
འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོང་དང་བདེ་འཇགས་ལྟ་འདོམས་ལ་ཚར་དུས་མེད། གོམ་སྟབས་རྗེས་མར། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་ཀྱི་འགན་འཁྲི་རྒྱུན་མཐུད་ནན་དུ་གཏོང་བ་དང་། ལྟ་འདོམས་བྱེད་སྟངས་གསར་གཏོད་བྱེད་པ། ལྟ་འདོམས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། སྙིང་རུས་གཏན་འཁྱོངས་བྱེད་པ། རྒྱུན་མཐུད་ཤུགས་སྣོན་རྒྱག་པ། ལས་ཀའི་ཕན་འབྲས་ཟམ་མི་ཆད་པར་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དེ་བས་བདེ་འཇགས་དང་། དེ་བས་བློ་བདེ། དེ་བས་གོ་རིམ་ལྡན་པ་བཅས་ཀྱི་འཛད་སྤྱོད་ཁོར་ཡུག་བཏོད་དེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།