《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
● ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་གནང་བའི་གསུང་བཤད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》 དུས་དེབ་འདོན་ཐེངས་9པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭར་གནང་བའི་གསུང་བཤད》བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི་ང་ཚོའི་ཆབ་སྲིད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱེད་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི། ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པར་ཕན་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པར་ཕན་པ། རྒྱང་ལྟའི་རང་བཞིན་གྱི་སྒོ་ནས་འཐབ་ཇུས་ཀྱི་གནད་དོན་ཁོང་དུ་ཆུད་པར་ཕན་པ། བྱ་གཞག་གི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་པར་ཕན་པ་བཅས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ་ནི་ཆབ་སྲིད་ཀྱི་རང་བཞིན་དང་སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལས་དོན་ཞིག་ཡིན་པས། རང་རེའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་ཉམས་མྱོང་ཕུན་སུམ་ཚོགས་པོ་གསར་གཏོད་བྱས་ནས་བསགས་ཡོད། གཙོ་བོ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས། འཆར་འགོད་ཀྱི་ཁྲིམས་བཀོད་རྩ་དོན་མཐའ་འཁྱོངས་བཅས་ཚུད་ཡོད། ལམ་ལུགས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་བཏང་ནས་དོན་དངོས་གསར་པ་དང་རྒྱུན་ཆད་མེད་པར་ཟུང་འབྲེལ་བྱས་ཏེ་ལེགས་ཆ་འདི་དར་རྒྱས་གོང་འཕེལ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་དང་། གཏིང་ཟབ། ཡང་དག་བཅས་ཀྱི་སྒོ་ནས་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་དགོས། ཕྱོགས་ཡོངས་ཞེས་པ་ནི་སྤྱི་ཡོངས་ཀྱི་མིག་རྒྱང་ནས《གྲོས་འགོར》གོ་བ་བླངས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་དང་། འཕྲད་པའི་དུས་བབ། མཛུབ་ཁྲིད་དགོངས་པ། རྩ་དོན་གལ་ཆེན། དམིགས་ཚད་ལས་འགན། སྲིད་ཇུས་བྱེད་ཐབས་སོགས་སྤྱི་ཡོངས་གཅིག་ལ་བརྩིས་ནས་ཁོང་དུ་ཆུད་པར་བྱེད་དགོས། གཏིང་ཟབ་ཞེས་པ་ནི《གྲོས་འགོའི》 བཀོད་སྒྲིག་ཁག་དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་པར་བྱེད་དགོས་པ་དེ་རེད། ཡང་དག་ཅེས་པ་ནི《གྲོས་འགོའི》བཀོད་སྒྲིག་ཁག་གི་སྲིད་ཇུས་ཀྱི་མཚམས་ཚད་དང་ཚད་གཞི་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ཏེ་སྒྲུབ་དགོས་རིགས་ངེས་པར་དུ་སྒྲུབ་པ་དང་། སྒྲུབ་ཐུབ་རིགས་འབད་བརྩོན་ཆེན་པོས་སྒྲུབ་པ། སྒྲུབ་མི་རུང་བའི་རིགས་གཏན་ནས་མི་སྒྲུབ་པ་བཅས་བྱེད་པ་དེ་རེད།
རྩོམ་ཡིག་ནང་བསྟན་དོན། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གསར་པ་ཚོར་བ་སྐྱེན་པོས་ཁོང་དུ་ཆུད་པར་བྱེད་དགོས། རང་རྒྱལ་གྱི་འཕེལ་རྒྱས་ནི་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་གནས་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་གནས་ཡོད། དེ་ནི་དུས་བབ་ལ་སྤྱི་ཡོངས་ནས་བརྡར་ཤ་གཅོད་པ་ཞིག་རེད།
ང་ཚོས་དུས་བབ་ལ་དབྱེ་ཞིབ་བྱེད་སྐབས་རྒྱུ་རྐྱེན་སྣ་ཚོགས་ལ་བསམ་གཞིགས་ཞིབ་ཚགས་བྱེད་དགོས་པ་མ་ཟད། དེའི་ནང་གི་འགག་རྩའི་རྒྱུ་རྐྱེན་ཁ་ཤས་ཀྱི་འགྱུར་ལྡོག་གསར་པ་ཁོང་དུ་ཆུད་མཁས་པོ་བྱེད་དགོས། དེའི་དམིགས་ཡུལ་ནི་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་མཐོ་འཛེག་རྒྱང་ལྟ་བྱས་ཏེ་འཐབ་ཇུས་ཐད་ངེས་ཤུགས་རྒྱུན་འཁྱོངས་དང་ཡིད་ཆེས་ཀྱིས་ཁེངས་པ་དང་། འཐབ་རྩལ་ཐད་ཇུས་འགོད་ཞིབ་ཚགས་དང་སྤང་བླང་འཛོལ་མེད་བྱས་ནས། རང་རྒྱལ་གྱི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་ཡག་པོ་སྐྲུན་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པ་ནི་ཐོན་ལས་མ་ལག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བ་བྱ་རྒྱུ་དེ་ཡིན། ས་ཁུལ་ཁག་དང་ལས་རིགས་ཁག་གིས་ངེས་གནས་ཡང་དག་བཙལ་ནས་རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐོན་ལས་སྔ་མ་དང་ཕྱི་མ་ཕན་ཚུན་འབྲེལ་མཐུད་དང་། རང་སོ་སོའི་ལེགས་ཆ་འདོན་པ། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་རྐང་འཛིན་ནི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཡིན། བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ལུགས་མཐུན་རྒྱུན་འཁྱོངས་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། མ་འཇོག་དང་གཏོང་སྒོར་དོ་སྣང་བྱས་ནས་མཐུན་ཚད་མཐོ་རུ་གཏོང་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་ནི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཡིན། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་དོན་དངོས་ལ་གཞི་བཙུགས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཕན་ཚུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། གཅིག་ནས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྩོན་ཞིབ་དང་། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ཁོང་དུ་ཆུད་པ། ཆབ་སྲིད་ཀྱི་ནུས་པ་དང་འཐབ་ཇུས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་གཏོང་བ། ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ལག་ལེན་ཁྲོད་དེང་རབས་ཅན་འཛུགས་སྐྲུན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཉིས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས་ཤིང་། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་དཀའ་སྤྱད་དངོས་སྒྲུབ་ལ་བརྟེན་ནས་ལག་ལེན་དང་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པ་དང་། མི་དམངས་ལ་བདེ་སྐྱིད་དངོས་སྐྲུན་པ། མང་ཚོགས་ཀུན་གྱིས་ཁས་ལེན་པ་བཅས་ཀྱི་ལས་རྗེས་འཇོག་ཐུབ་པ་བྱེད་དགོས། གསུམ་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས་ཤིང་། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་ཉེན་ཁའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་བསལ་ནས་འགལ་རྐྱེན་དེ་དགྲ་འདུལ་གཡུལ་རྒྱལ་གྱི་མཐུན་རྐྱེན་དུ་སྒྱུར་གང་ཐུབ་བྱེད་དགོས། བཞི་ནས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ཉེས་ཆད་གཅོད་དགོས་ཤིང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་གོམ་པ་གང་ཡང་སྤོ་མཚམས་མི་འཇོག་པ་དང་གོམ་པ་ཕྱེད་ཀའང་ཕྱིར་བཤོལ་མི་རྒྱག་པར་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། དབང་ཆ་དེ་ལམ་ལུགས་ཀྱི་རླུང་ཙིའི་ནང་བཅུག་སྟེ་རུལ་སུངས་ཐོན་བཟོའི་གཞི་མ་དང་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་མེད་པར་བཟོ་དགོས།
འབྲེལ་ཡོད་གསར་འགྱུར།