དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་GDPསྒོར་དུང་ཕྱུར་343.18ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-04

    གསར་འགོད་པར་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། དུས་ཚིགས་དང་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་ལ་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་343.18ཟིན་པ་དེས་ལྗོངས་ཡོངས་ཀྱི་བསྡུར་གྲངས་ཀྱི་44.1%བཟུང་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད། འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ན་GDPདུས་མཚུངས་ལས་6.0%འཕར་ནས་འཕར་ཚད་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་1.0ཡིས་མཐོ་བ་ཡོད།

    བཟོ་ལས་ཐོན་སྐྱེད་ཀྱི་གྲུབ་འབྲས་དེ་བས་བཀྲག་མདངས་འཚེར་ཞིང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་25.8%ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་7.6ཡིས་མགྱོགས་པ་ཡོད་པ་དང་ལྗོངས་ཡོངས་ལས་བརྒྱ་ཆའི་གྲངས་5.3གྱིས་མཐོ་བ་ཡོད་པ་དེ་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྣེ་འདྲེན་གལ་ཆེན་དུ་གྱུར་ཡོད།

    མ་འཇོག་ཐད། གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་3.7%འཕར་ཡོད། ཐོན་ལས་ནས་བལྟས་ཚེ། ཐོན་ལས་གསུམ་པར་མ་འཇོག་བྱེད་ཚད་དུས་མཚུངས་ལས་23.6%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་བརྒྱ་ཆའི་གྲངས་10.6འཕར་བར་སྐུལ་ཁྲིད་བྱས་ཡོད།

    འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཅིང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་སུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་131.45ཟིན་ནས་དུས་མཚུངས་ལས་4.6%འཕར་བ་དེ་ན་ནིང་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.1གིས་མགྱོགས་པ་ཡོད།

    སྤྱི་ཡོངས་ནས་བལྟས་ཚེ། དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་བྱུང་ནས་བཟོ་ལས་མགྱོགས་མྱུར་འཕར་བ་དང་མ་འཇོག་དང་འཛད་སྤྱོད་ཀྱིས་མཉམ་དུ་ཤུགས་བཏོན་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།