དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུའི་ཐོག་ནན་བཤད་གནང་དོན།

    ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-05-04

    ཟླ་4ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་4ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲང་ཧའེ་རུ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་མ་ལག་ཧྲིལ་པོའི་འབྱུང་ཁུངས་དང་། ལག་རྩལ་གྱི་གནད་དོན་ཡོད་ཚད་ཀྱི་གནད་འགག་གལ་ཆེན་ཞིག་ཡིན་པས། ཤུགས་ཚད་དེ་བས་ཆེ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་སྤྱད་ནས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་རང་རྒྱལ་གྱི་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་སྟེ། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཤུའེ་ཞང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཚན་རྩལ་པུའི་པུའུ་ཀྲང་དབྱིན་ཧོ་ཅུན་དང་། སློབ་གསོ་པུའི་པུའུ་ཀྲང་ཧོའེ་ཅིན་ཕེང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་ཧོའུ་ཅན་གོ ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་། པེ་ཅིང་སློབ་ཆེན་རྩིས་རིག་ཚན་རིག་སློབ་གླིང་གི་ཡོན་ཀྲང་ལིའུ་རུའོ་ཁྲོན། ཀྲུང་གོ་ཚན་རིག་ཁང་ཧྲེན་ཀྲེན་སྔོན་ཐོན་ལག་རྩལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ལིའུ་ཁྲེན་ལི། ཕུའུ་ཅང་ཚོད་ལྟ་ཁང་གི་དགེ་རྒན་ཆེ་མོ་བ་ཆའོ་ཡུས། ནུབ་རྒྱུད་འདྲེན་བརྒལ་རྒྱུ་ཆ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་ཚན་རིག་མཁས་ཅན་ཀྲང་ཕིང་ཞང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་མ་ཟད། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་པའི་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། སྤྱི་འདོམས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་ཞིབ་འཇུག་མ་ལག་གི་བཀོད་པ་ལེགས་སུ་གཏོང་དགོས། “ཕྱོགས་པ་བཞིའི”འཐབ་ཇུས་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་རྨང་གཞིའི་ཞིབ་འཇུག་གི་ཤུགས་རྒྱག་ས་གཙོ་བོ་དང་གཙོ་གནད་ཁྱབ་ཁོངས་སྔར་བས་ཁ་གསལ་བཟོ་དགོས། རྒྱལ་ཁབ་ཀྱི་ཚན་ཞིབ་ལས་ཁུངས་དང་ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་སོགས་ཀྱི་ཁྲིད་སྟོན་ནུས་པར་ཤུགས་སྣོན་རྒྱག་པ་དང་། ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་གསར་པ་འཕེལ་རྒྱས་གཏོང་བར་སྐུལ་ལྕག་བྱེད་པ་དང་ཚད་ལྡན་དུ་གཏོང་བ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་སྤྱོད་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྨང་གཞིའི་ཞིབ་འཇུག་དང་། ཉེར་སྤྱོད་གསར་སྤེལ། གྲུབ་འབྲས་གཞན་སྒྱུར་བཅས་ཀྱི་གསར་གཏོད་འཁོར་འབྲེལ་ཤར་བགྲོད་ཐུབ་པར་བྱེད་དགོས། རྨང་གཞིའི་རིག་ཚན་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཉེར་སྤྱོད་རིག་ཚན་དང་རྨང་གཞིའི་རིག་ཚན་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། སློབ་གསོ་དང་། ཚན་རྩལ། ཤེས་ལྡན་པ་བཅས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། ཤེས་ལྡན་པ་འཚར་ལོངས་ཀྱི་ཆོས་ཉིད་ལ་བསྟུན་པ་དང་སློབ་གསོའི་སྤུས་ཚད་མཐོ་རུ་བཏང་ནས་རྨང་གཞིའི་ཞིབ་འཇུག་གི་རྗེས་གྲབས་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས། ཚན་སློབ་མཐུན་སྦྱོར་ངང་མི་སྣ་གསོ་སྐྱོང་གི་ལམ་སྲོལ་ལེགས་སུ་བཏང་ནས་ཚན་ཞིབ་ཀྱི་འཐབ་ས་དང་པོ་ནས་ཤེས་ལྡན་པ་ཤེས་རྟོགས་དང་གསོ་སྐྱོང་བྱ་རྒྱུར་གཙིགས་ཆེན་བྱེད་དགོས། ལས་འགན་གྱི་སྣེ་ཁྲིད་དང་རྒན་པས་གཞོན་པ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་གཞོན་ནུ་ཤེས་ལྡན་པ་ནུས་ཤུགས་ཡོད་རྒུས་སྐྱོང་དགོས། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་གི་བསམ་པའི་བཀོད་པ་དང་འཚོལ་ཞིབ་ཀྱི་འདུན་པ་འཕེལ་བ་བཅས་བྱས་ནས་རྨང་གཞིའི་ཞིབ་འཇུག་ནང་ཞུགས་རྒྱུ་དེ་གཞོན་ནུ་ལོ་ཆུང་དེ་བས་མང་བའི་མི་ཚེའི་དོན་གཉེར་བྱེད་སར་འགྱུར་བར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་དང་འགན་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྨང་གཞིའི་ཞིབ་འཇུག་གྲོན་དངུལ་གྱིས་བཟུང་བའི་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་སྟེ་སྣ་མང་ཅན་གྱི་མ་འཇོག་བཀོད་པ་ཆགས་པར་བྱེད་དགོས། ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་མ་ལག་ཅན་གྱི་བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ནས་རིག་ནུས་ཅན་གྱི་ཚན་ཞིབ་ལས་སྟེགས་མ་ལག་སྐྲུན་དགོས། རྨང་གཞིའི་ཞིབ་འཇུག་གི་ཁྱད་ཆོས་དང་མཐུན་པའི་རིགས་དབྱེའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྨང་གཞིའི་ཞིབ་འཇུག་མི་སྣའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་སྟེ་སྒོ་དབྱེ་ཁོང་ཡངས་དང་ཕམ་བཟོད་ཀྱི་གསར་གཏོད་ཁོར་ཡུག་གཏོད་དགོས། ཚན་ཞིབ་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་རང་འགུལ་ངང་མཉམ་འདྲེས་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་དང་། ནུས་རྒྱུའི་ཁོར་ཡུག ཚེ་སྲོག་བདེ་ཐང་སོགས་ཚན་རིག་གི་གནད་དོན་གལ་ཆེན་གྱི་འགག་སྒྲོལ་ལས་དོན་མཉམ་དུ་སྤེལ་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས།

    ཏིང་ཤུའེ་ཞང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུངས་དོན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱས་ཏེ་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། དུས་གཏུག་གི་བསམ་པ་དང་། འགན་འཁྲིའི་བསམ་པ། འོས་འགན་སྒྲུབ་སེམས་བཅས་ཆེ་རུ་གཏོང་བ། དེ་བས་བརྟན་པའི་གདེང་ཚོད་དང་ཆོད་སེམས་དང་དེ་བཞིན་དེ་བས་དངོས་སྒྲུབ་ཀྱི་བྱེད་ཐབས་དང་བྱ་སྤྱོད་བཅས་ལ་བརྟེན་པ། རྨང་གཞིའི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཐོག་མའི་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་་རྒྱག་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་འབད་འཐབ་ཧུར་ཐག་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།