སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། འཕེལ་རྒྱས་ཀྱི་ལེའུ་གསར་ཧུར་ཐག་བརྩམས།
—— རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གྲོང་དཀར་གྲོང་ཚོའི་ཡུལ་མི་ཨུ་ལྷན་གྱི་སྒོ་རའི་ནང་། འདྲུད་འཐེན་འཕྲུལ་འཁོར་གསར་རྐྱང་ཁ་ཤས་གྲལ་བསྒྲིགས་པོས་བཞག་པ་དེ་དག་ས་མཐོའི་ཉི་འོད་འོག་བཀྲག་མདངས་རབ་ཏུ་འཚེར། “འདི་དག་ནི་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཞལ་འདེབས་བརྒྱབ་པའི་ཞིང་འཕྲུལ་ཡོ་བྱད་རེད། ཡོ་བྱད་དེ་དག་གིས་ང་ཚོའི་གྲོང་ཚོའི་ཐོན་སྐྱེད་ནུས་ཕྱོད་ཆེ་རུ་ལྡབ་གསུམ་བཏང་ཡོད”ཅེས་ཡུལ་མིས་འདྲུད་འཐེན་འཕྲུལ་འཁོར་དེ་དག་ལ་མཛུབ་མོ་འཛུགས་བཞིན་དུ་དགའ་ཚོར་ཆེན་པོས་བརྗོད། སྒོར་ཁྲི་44.05རི་བའི་འཕྲུལ་ཆས་དེ་དག་ལས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གྲོང་ཚོར་དེང་རབས་ཅན་གྱི་ཐོན་སྐྱེད་སྒྲིག་ཆས་སྤྱོད་རྒྱུ་བྱུང་བ་མ་ཟད། ས་མཐོའི་གྲོང་གསེབ་ཀྱི་ཞིང་ལས་འཕེལ་རྒྱས་ལའང་རྨང་གཞི་གསར་པ་བཏིང་ཡོད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་དམངས་གཉེར་ཁེ་ལས་དང་ཚོང་ཚོགས་3735ཡིས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་ནང་ཧུར་ཐག་ཞུགས་ཤིང་། སྲིད་འཛིན་གྲོང་ཚོ་3641ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ཐོན་ལས་རོགས་སྐྱོར་དང་སློབ་གསོའི་རྒྱབ་སྐྱོར་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བར། དམངས་གཉེར་ཁེ་ལས་དེ་ཉིད་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད།
རོགས་སྐྱོར་བྱེད་སྟངས་རིམ་བཞིན་འགྱུར་བ་དེ་ནི་བོད་ཀྱི་དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་ནང་ཞུགས་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན།
དེ་སྔོན་ཁེ་ལས་ཀྱི་རོགས་སྐྱོར་ནི་དངུལ་དང་དངོས་པོ་ཞལ་འདེབས་རྒྱག་རྒྱུ་གཙོ་བོར་བྱས་ཤིང་། ད་ཆ་བརྒྱུད་རིམ་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་གྱི་མཉམ་ལས་ལ་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་ངམ་རིམ་རྫོང་བཟང་བཟང་གྲོང་རྡལ་དུ། སྒོར་ཁྲི་20ཡི་གཟི་བརྗིད་ཐེབས་རྩས་རྒྱབ་སྐྱོར་བྱས་པའི་གཞོན་ནུ་ལོ་ཆུང་གི་ཞིབ་སློབ་བྱེད་སྒོ་མཇུག་འགྲིལ་མ་ཐག་ཡིན་ཞིང་། ཕྲུ་གུ་མང་པོ་ཞིག་གོ་སྐབས་དེ་དང་བསྟུན་ནས་ལྷ་སའི་ཚན་རྩལ་ཁང་དང་རྟེན་མཛོད་ཁང་དུ་སློབ་སྦྱོང་བྱེད་པར་ཐེངས་དང་པོ་ཡོང་བ་དང་། ཐ་ན་རྒྱལ་ས་པེ་ཅིང་དུའང་བསྐྱོད་དེ་མིག་རྒྱང་ཡངས་པོར་ཕྱེ་ཡོད།
2025ལོའི་ཟླ་10པར་ལྗོངས་ཡོངས་ཀྱི“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྐུལ་སྤེལ་ཚོཌ་འདུ་འཚོག་སྐབས། དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་དེ་མཐའ་མཚམས་གྲོང་ཚོར་སྤེལ་ཐུབ་པའི་རེ་བ་བཏོན་པ་རེད།
“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བ”ནས“ཁེ་ལས་བརྒྱ་དང་གྲོང་ཚོ་བརྒྱ་སྦྲེལ་མཐུད་བྱེད་པར”སྐུལ་འདེད་བཏང་བས། ཁེ་ལས་དང་གྲོང་ཚོའི་དབར་མཉམ་ལས་ཀྱི་འབྲེལ་ཟམ་ཞིག་བཙུགས་པ་ཙམ་མ་ཟད། ཐོན་ལས་དར་རྒྱས་དང་ཡུལ་མིར་འབབ་འཕར་ཕྱུག་འགྱུར་ཡོང་བར་གསེར་ཟམ་ཞིག་དེ་བས་བཙུགས་ཡོད། 2025ལོར། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་7གྱི་ཚོང་ཚོགས་དང་ཁེ་ལས་96སྒྲིག་འཛུགས་བྱས་ཏེ། མཐའ་མཚམས་གྲོང་ཚོར་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་ཁྲི་1003.6རྩིས་བླངས་ནས། མཐའ་མཚམས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།
ལས་ཞུགས་དམངས་འཚོར་རམ་འདེགས་བྱེད་པའི་ཐད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དེ་མཚུངས་ཀྱི་འབྲེལ་ཟམ་གྱི་ནུས་པ་བཏོན་ཡོད་པ་རེད།
བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཡོང་བར་རོགས་རམ་བྱ་ཆེད། དམངས་གཉེར་ཁེ་ལས་ཀྱིས“སློབ་འབྲེལ་ལས་བསྡུའི་ཟླ་བའི”བྱེད་སྒོར་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་ལ་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་འོས་སྦྱོར་བྱས་པ་དང་། རང་འགུལ་ངང་ལྗོངས་ནང་ཁུལ་གྱི་མཐོ་སློབ་དབར་ལས་ཞུགས་དྲ་འབྲེལ་ལས་སྟེགས་བཙུགས་ཏེ་ལས་མི་བསྡུ་བའི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་བྱས་པ། “གྲོང་ཁྱེར་བརྒྱ་དང་། སློབ་གྲྭ་སྟོང་། ཁེ་ལས་ཁྲི”བཅས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ཏེ། དམངས་གཉེར་ཁེ་ལས་དང་མཐོ་སློབ་ཀྱི་འགོ་ཁྲིད་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་བ་རེད། ལོ་འཁོར་མོར་རིམ་རྩིས་བརྒྱབ་ན་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་2600ལྷག་ཙམ་མཁོ་འདོན་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱིས་ལས་ཞུགས་ལ་རམ་འདེགས་བྱེད་པའི་ནུས་པ་གལ་ཆེན་གང་ལེགས་བཏོན་ཡོད་པ་རེད།
ད་ཆ། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་རོགས་སྐྱོར་མཉམ་ཤུགས་རྒྱུན་མཐུད་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡོད་པ་དང་ལས་རིགས་མི་འདྲ་བའི་མཉམ་ལས་དེ་འཕེལ་ཕྱོགས་གསར་པར་འགྱུར་བཞིན་ཡོད་པ་སྟེ། ཞིང་ལས་ཁེ་ལས་གཤམ་འོག་ཏུ་བསྐྱོད་དེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་མཛུབ་ཁྲིད་དང་དྲ་ཚོང་ཁེ་ལས་ཀྱིས་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱས་ནས། རོགས་སྐྱོར་བྱ་ཐབས“ཕྱོགས་རྐྱང་པས་ཤུགས་རྒྱག་པ”ནས“བརྒྱུད་རིམ་རང་བཞིན་གྱི་མཐུན་རྐྱེན་སྦྱོར་བའི”ཕྱོགས་སུ་བསྒྱུར་ཏེ། གྲོང་གསེབ་དར་རྒྱས་གཏོང་བར་ཕྱོགས་ཡོངས་ནས་འདེགས་སྐྱོར་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།