ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་མི་སེམས་དྲོ་བའི་བྱེད་ཐབས་དངོས་ལ་བརྟེན་ནས་ལས་བཟོའི་སེམས་ཁྲལ་དང་དཀའ་ངལ་བསལ་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་ལས་བཟོའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ཏེ་ལས་ཁུངས་ཀྱི་ལས་བཟོའི་ཁྱིམ་དུ་ལས་བཟོའི་དཔེ་ཀློག་ཁང་དང་ལས་བཟོའི་བུ་ཕྲུག་བཅོལ་ཉར་འཛིན་གྲྭ་བཙུགས་ཏེ། མི་སེམས་དྲོ་བའི་བྱེད་ཐབས་དངོས་ལ་བརྟེན་ནས་ལས་བཟོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་པ་དང་། སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་ནས་ལས་སྒྲུབ་ལས་གཏོད་ཀྱི“རྒྱབ་རྟེན”བརྟན་དུ་བཏང་བར། ཅུས་ཡོངས་ཀྱི་ལས་བྱེད་ལས་བཟོ་དང་དེ་བཞིན་ནང་མིའི་ཁས་ལེན་ཐོབ་པ་རེད།
ལས་ཁུངས་སུ་བཟའ་ཚོ་གཉིས་ཀ་ལས་བཟོ་ཡིན་མཁན་མང་བ་དང་ཕྲུ་གུ་སློབ་གྲྭ་གྲོལ་རྗེས་དང་ཉིན་དགུང་གི་ངལ་གསོའི་རིང་ལྟ་སྐྱོང་བྱེད་མཁན་མེད་པ་སོགས་ཀྱི་ཡོངས་ཁྱབ་ཀྱི་དཀའ་གནད་ལ་དམིགས་ནས། ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས“ཡུལ་བབ་དང་བསྟུན་པ་དང་དམངས་ཕན་ནུས་ཆེའི”རྩ་དོན་མཐའ་འཁྱོངས་ཀྱིས་ད་ཡོད་ཀྱི་མཁོ་མེད་གཞུང་ལས་ཁུལ་སྤྱད་ནས་ལས་བཟོའི་བུ་ཕྲུག་བཅོལ་ཉར་འཛིན་གྲྭ་བཙུགས་ཤིང་། བཅོལ་ཉར་འཛིན་གྲྭར་བྱེད་སྒོ་སྤེལ་ས་ལོགས་སུ་བཟོས་པ་དང་། ཆེད་མི་མངགས་ནས་ལྟ་སྐྱོང་བྱེད་པ། རིག་སྟོབས་ལ་ཕན་པའི་རྩེད་ཆས་དང་བྱིས་པའི་རིས་དེབ་སོགས་ཉོས་ནས་བདེ་འཇགས་དང་། དྲོ་སྐྱིད། སྤྲོ་སྣང་བཅས་ལྡན་པའི་ཁོར་ཡུག་ཅིག་བཏོད་ཡོད། གཞན་ཡང་ལས་སྒྲུབ་ཉིན་མོའི་ཉིན་དགུང་གི་ངལ་གསོ་དང་ཕྱི་དྲོ་ལས་ཐག་བཅད་རྗེས་ཀྱི་དམིགས་བསལ་དུས་མཚམས་སུ་བཅོལ་ཉར་འཛིན་གྲྭས་ཕྲུ་གུ་ཚོར་ལྟ་སྐྱོང་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་སྟེ། རང་བརྟེན་སློབ་སྦྱོང་དང་དགོད་བྲོ་བའི་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། “ཕྲུ་གུར་ལྟ་བ་དང་ལས་ཀར་འགྲོ་བ་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱེད་པའི”ལས་བཟོའི་དཀའ་ངལ་དང་སེམས་ཁྲལ་སེལ་རོགས་ནུས་ལྡན་བྱས་ནས། ཁོང་ཚོ་སེམས་ནུས་ཡོད་རྒུས་རང་འཁྲིའི་རྩིས་བཤེར་ལས་ཀར་ཞུགས་ཐུབ་པར་བྱས་ཡོད།
ལས་བཟོའི་ཁྱིམ་ཚང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་པ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་རྩིས་བཤེར་ཅུས་ཀྱིས་ལས་བཟོའི་བསམ་པའི་རིག་གནས་འཛུགས་སྐྱོང་ལ་མཉམ་དུ་སྐུལ་འདེད་བཏང་ནས་སློབ་སྦྱོང་དང་། སྤེལ་རེས། ངལ་གསོ་བཅས་གཞི་གཅིག་ཏུ་འདུས་པའི་ལས་བཟོའི་དཔེ་ཀློག་ཁང་ཞིག་བཙུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལས་བཟོའི་དཔེ་ཀློག་ཁང་དང་ཕྲུ་གུ་བཅོལ་ཉར་འཛིན་གྲྭ་སྟེ་མི་སེམས་དྲོ་བའི་འདུ་འགོད་འདི་གཉིས་ལ་ཁྱོན་མ་དངུལ་སྒོར་ཁྲི་4.9བཏང་ཞིང་། སྤྱོད་འགོ་ཚུགས་པ་ནས་བཟུང་འཁོར་སྐྱོད་གོ་རིམ་ལྡན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་ལས་བཟོའི་ཁུར་པོ་སྣ་ཚོགས་ཡང་དུ་ཏན་ཏིག་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།