དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚེ་མཇུག་བདེ་ཞིང་སྐྱིད། བག་ཕེབས་འཚོ་བར་རོལ།

    ​—— སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-01


    འདི་ནི་རྒུ་རུམ་གྲོང་རྡལ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ“སྐྱེས་སྐར”གཏོང་བཞིན་པའི་རྒན་རྒོན་ཡིན་པ།

    འདི་ནི་ལྷ་ས་པེར་ཞི་མིག་ནད་སྨན་ཁང་གི་སྨན་པས་རྒན་རྒོན་གྱི་མིག་ལ་བརྟག་དཔྱད་བྱེད་བཞིན་པ།

    བརྩེ་བས་ཕྱུག་པའི་སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་གྲོང་རྡལ་རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས(གཤམ་དུ་ལྟེ་གནས་ཞེས་བསྡུ་རྒྱུ)ཀྱིས་བྱམས་སྐྱོང་གཞི་རྩར་འཛིན་པ་དང་མི་དམངས་རྩ་བར་འཛིན་ནས་རྒན་རྒོན་ཚོགས་སྤྱིའི་ཚེ་མཇུག་གི་བདེ་ཐང་སྲུང་བ་དང་གཞིས་ལུས་དང་དཀའ་གནས་སུ་གྱར་བའི་བྱིས་པ་འཚར་ལོངས་ཡོང་བར་དམིགས་ཏེ། ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གཞི་རིམ་དུ་བསྐྱོད་ནས་དམངས་འཚོར་ཞབས་འདེགས་ཞུས་ཤིང་། ཁྱིམ་སྡོད་རྒན་གསོའི་དཀའ་གནད་སེལ་བ་ནས་བྱིས་པར་ལྟ་རྟོག་བྱེད་པའི་སྟོང་ཆ་གསབ་པའི་བར་དང་། རྒན་རྒོན་གྱི་སེམས་ཀྱི་འགལ་བ་སེལ་བ་ནས་ཁྱིམ་མཚེས་དབར་རོགས་རེས་བྱེད་པའི་བར། ལྟེ་གནས་ཀྱིས་མི་སེམས་དྲོ་བའི་བྱ་བ་དངོས་རེ་རེར་བརྟེན་ནས་དུས་རབས་གསར་པའི་གཞི་རིམ་ལ་ཞབས་འདེགས་ཞུ་བའི་མི་སེམས་འགུལ་བའི་ལེའུ་གསར་བརྩམས་པར་མང་ཚོགས་ཀྱི་མོས་བསྟོད་དང་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད་པ་རེད།

    སེམས་རྩ་འཁོལ་བའི་ཞབས་ཞུ་བསྒྲུབས། དམངས་ཀྱི་སྒོ་རྩར་བདེ་སྐྱིད་བསྐྲུན།

    2024ལོའི་ཟླ་12པར། རྒུ་རུམ་གྲོང་རྡལ་གྱི་སྐར་མ་15ཡི་བདེ་སྐྱིད་ཁུལ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ལྟེ་གནས་ཀྱིས་དེ་དམ་འཛིན་བྱ་གཞིར་བྱས་ཏེ་སྲིད་གཞུང་གི་ཐ་སྐྱོང་འགན་སྲུང་བྱ་ཡུལ་རྒན་རྒོན་ལ་ཁ་ལག་བཟོ་རོགས་དང་། གཟུགས་པོ་འཁྲུ་རོགས། གཙང་སྦྲ་བྱེད་རོགས། ནད་གཞི་ལྟ་རོགས། སྐྱོར་རོགས། རོལ་རྩེད་རྩེ་རོགས་བཅས“རོགས་རམ་དྲུག”གི་ཞབས་ཞུ་བསྒྲུབས་ཁར། ཆེད་མངགས་ནད་གཞི་ལྟ་རོགས་དང་རྒྱུན་གཏན་གྱི་ལྟ་རྟོག་སོགས་བྱས་ཏེ་ཕྱོགས་ཡོངས་ཀྱི་རྒན་གསོའི་ཞབས་ཞུ་ཡག་པོ་བསྒྲུབས་ཡོད།

    “ཁ་པར་བརྒྱབ་ན་ལམ་སེང་རོགས་པ་བྱེད་པར་ཡོང་གི་འདུག སོ་སོའི་བུ་ཕྲུག་ལས་ཀྱང་སེམས་རྩ་འཁོལ་བ་འདུག”ཅེས་པ་འདི་ནི་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོའི་བབ་ཆགས་ཤོས་ཀྱི་བསྔགས་བརྗོད་ཅིག་རེད། ད་ཆ་ཁན་སྦྱར་སྔོན་པོ་གྱོན་མཁན་དེ་དག་རྒན་རྒོན་ཚོའི་མིག་ནང་གི་མཐོང་འདོད་ཤོས་ཤིག་ཏུ་གྱུར་ཡོད། ལས་དོན་པ་ཚོ་མཐོང་སྐབས་རྒན་རྒོན་ཚོས“ཁྱེད་ཚོ་མཐོང་སྐབས་ང་ཚོ་བློ་བདེ་པོ་འདུག་ལ་དེ་བས་དགའ་པོ་འདུག”ཅེས་ཤོད་ཀྱི་ཡོད། ལྟེ་གནས་ཀྱིས་བར་ཐག་མེད་པའི་ཞབས་འདེགས་ཞུས་ནས་རྒན་རྒོན་ཚོར་ཁ་ཡོད་ལག་ཡོད་ཀྱི་དམངས་འཚོའི་བདེ་རྩ་བསྐྲུན་ཏེ། རྒན་རྒོན་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

    རྒན་རྒོན་གྱི་བདེ་ཐང་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་ཆེད། ལྟེ་གནས་ཀྱིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ་དང་། སྟོད་ལུང་བདེ་ཆེན་ཆུས་མི་དམངས་སྨན་ཁང་། ལྷ་ས་པེར་ཞི་མིག་ནད་སྨན་ཁང་སོགས་སྨན་བཅོས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་རྒྱུན་གཏན་ཅན་གྱི་འོས་འགན་སྨན་བཅོས་བྱས་ཏེ། རྒན་རྒོན་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ཆེད་ལས་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད། འོས་འགན་སྨན་བཅོས་བྱ་ཡུལ་དུ་སྨན་པ་ཚོས་ངང་རྒྱུད་རིང་པོས་ནད་གཞི་བརྟག་དཔྱད་དང་སྨན་བཅོས་ཞིབ་ཚགས་བྱས་ཏེ། རྒན་རྒོན་ཚོར་གཅོང་ནད་གཡོག་བྱེད་བྱེད་སྟངས་བསླབས་ཐོག་རྒྱུན་མཐོང་གི་རྒན་རྒོན་གྱི་ནད་གཞིར་དམིགས་ནས་ནད་གསོའི་ཇུས་གཞི་ཡང་བཟོས་པ་རེད།

    རྒན་རྒོན་ཕུགས་འདུན་སྙེག་པའི་ཉམས་བཟང་མངོན། ཁྱིམ་མཚེས་རོགས་རེས་བྱས་ནས་མི་སེམས་དྲོས།

    རྒན་རྒོན་ལ་རྒས་དུས་སེམས་པ་སྐྱིད་པ་དང་རྒས་དུས་ལས་རྒྱུ་ཡོད་པ་བྱེད་པ་ནི་དམིགས་ཡུལ་གཙོ་བོ་ཞིག་རེད། 2025ལོའི་ཟླ་བ་དང་པོར། དགུང་སྔོན་ལ་ཁའི་ཉི་མ་ཞབས་བྲོ་ཚོགས་པ་དངོས་སུ་བཙུགས་ཤིང་། དང་ཐོག་རྒན་རྒོན་ཚོ་སྡིངས་ཆར་འཛེག་སྐབས་འཁྲབ་སྟངས་ནོར་བའི་སེམས་ཁྲལ་ཆེན་པོ་བྱུང་ཡོད། ལས་དོན་པས་བརྒྱུད་རིམ་ཧྲིལ་པོར་མཉམ་དུ་ནང་སྦྱོང་ཐེངས་མང་བྱས་ཏེ་ཡང་ཡང་འཁྲབ་པ་དང་སྐུལ་ལྕག་ཡང་ཡང་བྱས་པས་སྟངས་སྟབས་བྱང་ཆུབ་པར་གྱུར་ཡོད།

    ད་ཆ་དགུང་སྔོན་ལ་ཁའི་ཉི་མ་ཞབས་བྲོ་ཚོགས་པའི་རྒན་རྒོན་ཚོས་གར་སྟེགས་སྣ་ཚོགས་ཐོག་གདེང་ཚོད་ཆེན་པོས་འཛེགས་ཤིང་། སྔ་རྗེས་སུ་བོད་ལྗོངས་ཅོག་རྒྱགས་པའི“མི་སེར་གྱི་གར་སྟེགས་ཆེན་པོའི”བྱ་དགའ་ཨང་གཉིས་པ་དང་། “ན་རྒས་ཀྱི་དབྱངས་སྒྲ”གཞས་པའི་འགྲན་བསྡུར་ཆེ་མོར་ཚོགས་པའི་གཟི་བརྗིད་བྱ་དགའ། ལྷ་སའི་དབྱིངས་སྒོར་གཞས་རིམ་འདས་འགྲན་བསྡུར་ཆེ་མོར་ཕུལ་བྱུང་ཚོགས་པའི་བྱ་དགའ་སོགས་མཚན་སྙན་མང་པོ་བླངས་ཡོད། རྒན་རྒོན་ཚོས་དགའ་ཞེན་དང་རྒྱུན་འཁྱོངས་ལ་བརྟེན་ནས་ཚེ་མཇུག་གི་ཉམས་བཟང་མངོན་པར་བྱས་པ་མ་ཟད། རྒན་རྒོན་དེ་བས་མང་བ་ཁྱིམ་ནས་དོན་ཏེ་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བར་རོལ་རྒྱུར་སྐུལ་ཁྲིད་ཀྱང་བྱས་ཡོད།

    དེ་དང་ཆབས་ཅིག རྒུ་རུམ་གྲོང་རྡལ་གྱི་དབུ་དཀར་རོགས་རེས་རུ་ཁག་དེ་ཁོངས་གཏོགས་ཁུལ་གྱི་དྲོ་སྐྱིད་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། རུ་མི་ཚོས་ལྟེ་གནས་ཀྱི་ལས་དོན་པ་དང་མཉམ་དུ་ཁྱིམ་དུ་ལྟ་བཅར་བྱེད་པ་དང་། ནད་རོགས་ལ་འགྲོ་བ། སྙིང་གཏམ་ཤོད་རེས་བྱེད་པ་སོགས་ཀྱི་རྒྱུན་རྣམ་ཅན་གྱི་ཞབས་འདེགས་ཞུས་པས། ཆ་རྒྱུས་མེད་པའི་ཁྱིམ་མཚེས་དབར་ཕན་ཚུན་གཉེན་ཉེ་ལྟ་བུར་གྱུར་པ་དང་། ཁན་སྦྱར་སྔོན་པོ་གྱོན་མཁན་དེ་དག་རྒན་རྒོན་ཚོས་ཡིད་ཆེས་ཆེ་ཤོས་བྱེད་སར་གྱུར་ནས་རྒན་བཀུར་རྒན་གཅེས་ཀྱི་སྤྱོད་བཟང་ཁྱིམ་མཚེས་དབར་གཅིག་རྒྱུན་གཅིག་འཛིན་བྱེད་བཞིན་ཡོད།

    བྱིས་པ་བསྐྱངས་ནས་འཚར་ལོངས་ལ་འགྲོགས། དྲོད་ཁྱིམ་བསྐྲུན་ནས་འབྱུང་འགྱུར་ལ་ཕྱོགས།

    རྒན་རྒོན་ལ་ལྟ་རྟོག་བྱེད་པ་དང་དུས་མཚུངས་ལྟེ་གནས་ཀྱིས་ཀྱང་གཞིས་ལུས་དང་དཀའ་གནས་སུ་གྱར་བའི་བྱིས་པར་གཅེས་སྐྱོང་བྱེད་ཀྱི་ཡོད། གུང་གསེང་རིང་བྱིས་པར་ལྟ་སྐྱོང་བྱེད་དཀའ་བའི་གནད་དོན་ལ་དམིགས་ནས་ལྟེ་གནས་ཀྱིས་དགུང་སྔོན་མཐུན་ཚོགས་དང་མཉམ་དུ་དབྱར་གསེང་དགུན་གསེང་རིང་གི་བྱང་ཚད་སློབ་གསོའི་མཛུབ་ཁྲིད་འཛིན་གྲྭ་བཙུགས་པར་ཁྱིམ་བདག་ཚོས་སྙིང་ཉེ་བའི་ངང“བློ་བདེའི་འཛིན་གྲྭ”ཞེས་འབོད་ཀྱི་ཡོད།

    ལས་དོན་པས་དང་བླངས་པ་བྱས་ཏེ་སྦྱོང་ཚན་ཟུར་ཁྲིད་དང་། ལག་བྲིས་རི་མོ། བདེ་འཇགས་སློབ་གསོ་སོགས་ཀྱི་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱེད་པ་མ་ཟད། ཕྲུ་གུ་ཚོར་དཔེ་ཁུག་དང་ཡིག་ཆས་སོགས་ལག་རྟགས་ཀྱང་སྤྲོད་ཀྱི་ཡོད། ཕྲུ་གུ་ཚོར་འདི་ནས་ཤེས་བྱ་སྦྱོང་བ་དང་གྲོགས་པོ་སྒྲིག་རྒྱུ་ཡོད་པས་གཤིས་ཀའང་ཡག་ཏུ་ཕྱིན་ཡོད། “དེ་སྔ་སློབ་གྲྭ་གྲོལ་རྗེས་ཕྲུ་གུར་ལྟ་རྟོག་བྱེད་མཁན་མེད་པས་སེམས་ཁྲལ་ཆེན་པོ་འདུག ད་ཆ་འཛིན་གྲྭ་དེ་ཡོད་པས་ཕྲུ་གུའི་སློབ་སྦྱོང་ལ་སེམས་ཁྲལ་མིན་འདུག”ཅེས་ཁྱིམ་བདག་ཅིག་གིས་མྱོང་ཚོར་ཟབ་མོས་བཤད། ལྟེ་གནས་དེས་ལྟ་རྟོག་ལ་བརྟེན་ནས་གུང་གསེང་རིང་ཕྲུ་གུར་རོགས་པ་མེད་པའི་སྟོང་ཆ་གསབ་པ་དང་། ཕྲུ་གུ་ཚོའི་འཚར་ལོངས་ཀྱི་ལམ་བུར་འོད་སྣང་སྦྱིན་ཏེ་ཁྱིམ་བདག་གི་སེམས་ཁྲལ་སེལ་གྱི་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།