དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པའི་ཐོག་ནན་བཤད་གནང་དོན།

    ​རང་བྱུང་གནོད་འཚེར་སྔོན་འགོག་དང་ཁ་གཏད་གཅོག་ནུས་ཆེ་རུ་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-05-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་28ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་ལྔ་པ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་བྱུང་གནོད་འཚེར་སྔོན་འགོག་དང་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འཕྲལ་སྡོམ་དོ་དམ་པུའུ་རྒྱལ་ཁབ་རང་བྱུང་གནོད་འཚེ་འགོག་བཅོས་ཞིབ་འཇུག་ཁང་གི་བློ་མཐུན་དབྱང་སི་ཆོན་གྱིས་གནད་དོན་དེར་འགྲེལ་བཤད་བརྒྱབ་པ་དང་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ཉན་པ་དང་འབྲེལ་གྲོས་བསྡུར་ཡང་བྱས་པ་རེད།

    ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གནོད་འཚེའི་ཉེན་ཁ་ཆུང་དུ་དང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་བར་གཙོ་བོ་ཆུ་མ་ཤོར་གོང་ནས་རགས་རྒྱག་རྒྱུ་དེར་ཐུག་ཡོད། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་ཀྱི་བླང་བྱ་དེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་དེ་བཞིན་རིགས་ཁག་གི་འཛུགས་སྐྲུན་འཆར་འགོད་ནང་དོན་འཁྱོལ་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེའི་ཉེན་ཁ་སྣ་ཚོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་དང་གནད་ལ་འཁེལ་བའི་སྒོ་ནས་དབྱེ་འབྱེད་བྱེད་དགོས། ལས་གྲྭ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་གལ་ཆེན་དང་གནོད་འཚེ་ཐོན་མང་བའི་ས་ཁུལ་གྱི་འགག་རྩའི་རྨང་གཞིའི་སྒྲིག་བཀོད་ཀྱི་འགོག་སྲུང་ཚད་གཞི་ལུགས་མཐུན་ངང་མཐོ་རུ་བཏང་ཐོག་འབྲེལ་ཡོད་ཞན་ཆ་མགྱོགས་མྱུར་སེལ་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། མཐའ་ཚད་ཀྱི་བསམ་བློ་དང་མཐར་ཟད་ཀྱི་བསམ་བློ་བརྟན་དུ་བཏང་ནས་གནོད་འཚེ་ཆེ་རིགས་དང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནོད་འཚེ་ཆེ་རིགས་དང་གནོད་འཚེ་ཚབས་ཆེན་གྱི་ཉེན་ཁར་བརྡར་གཅོད་གཏིང་ཟབ་བྱས་ནས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཆེན་པོ་དང་འཕྲལ་སྡོམ་ཆེན་པོའི་སྒྲོམ་གཞིའི་འོག་གི་འཕྲལ་སྡོམ་བཀོད་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་དང་རྒྱལ་ཁབ་ཀྱི་ས་ཁོངས་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཕྱོགས་བསྡུས་རོགས་སྐྱོབ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་ཚན་རྩལ་གྱི་འདེགས་སྐྱོར་དང་ཁྲིམས་སྐྱོང་གི་འགན་སྲུང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འཕྲལ་སྡོམ་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། འཕྲལ་སྡོམ་རིག་ཚན་འཛུགས་སྐྱོང་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་བྱུང་གནོད་འཚེའི་ཐད་ཀྱི་རྨང་གཞིའི་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་དགོས། འཕྲལ་སྡོམ་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གཞི་རིམ་ནི་རང་བྱུང་གནོད་འཚེ་འགོག་པའི་འཐབ་ས་དང་པོ་ཡིན་པས། གཞི་རིམ་ལ་དམ་འཛིན་དང་རྨང་གཞི་བརྟན་དུ་གཏོང་བའི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་གཏོང་མི་རུང་། གཞི་རིམ་གྱི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་འཕྲལ་སྡོམ་བྱ་ཡུལ་འཛུགས་སྐྲུན་དང་དངོས་ཟོག་སྒྲིག་ཆས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། མཉམ་ཞིབ་མཉམ་འགོག་མཉམ་བཅོས་ལ་དམ་འཛིན་ཡག་པོ་བྱེད་དགོས། ཚན་རྩལ་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཀྱི་གེགས་འགོག་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། དེའང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱིས་གཅིག་གྱུར་དང་ཁ་ཐོར་ཟུང་འབྲེལ་དང་། སྔོན་འགོག་དང་རོགས་སྐྱོབ་འབྲེལ་མཐུད། གོང་འོག་མཉམ་འགུལ་བཅས་མཐའ་འཁྱོངས་བྱས་ཏེ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་མཉམ་སྒྲུབ་གཞོགས་འདེགས་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་འཕེལ་རྒྱས་ལ་མཐོང་ཆེན་དང་བདེ་འཇགས་ལ་སྣང་ཆུང་དང་། གེགས་སེལ་ལ་མཐོང་ཆེན་དང་སྔོན་འགོག་ལ་སྣང་ཆུང་བྱེད་པ་སོགས་ཀྱི་སྣང་ཚུལ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་ལས་བྱེད་པའི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།