མཚོ་སྔོན་ཞིང་ཆེན་ས་གནས་དངུལ་རྩ་ལྟ་འདོམས་ཅུས་ཀྱི་དེ་སྔའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝུའུ་ཁྲུན་ཆིང་ཏང་གི་སྐྱིད་སྡུག་ནས་ཕུད་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་4ཚེས་27ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚེས་27ཉིན་བརྡ་ཁྱབ་བཏང་བ་ལྟར་ན། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཞིང་ཆེན་ས་གནས་དངུལ་རྩ་ལྟ་འདོམས་ཅུས་ཀྱི་དེ་སྔའི་རིམ་པ་དང་པོའི་སྐོར་ཞིབ་པ་ཝུའུ་ཁྲུན་ཆིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། ཝུའུ་ཁྲུན་ཆིང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། མགོ་བདེ་དྲན་འཕྲུལ་བྱེད་པ། ཆབ་སྲིད་ཁྲམ་པ་དང་གྲོགས་པོ་སྒྲིག་པ། “གོ་གནས་ཉོ་སྐབས”མགོ་སྐོར་དུ་ཚུད་པ་མ་ཟད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་སྟེ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་བླངས་པ་དང་། དོ་དམ་དང་ཞབས་འདེགས་ཞུ་ཡུལ་གྱིས་མཁོ་འདོན་བྱས་པའི“ཆ་ཚང་འགན་གཙང་ལེན་པའི”ཞབས་ཞུ་རིན་མེད་དང་ལེན་བྱས་པ། སྤྱི་དབང་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བརྩིས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་ལེན་རོགས་དང་དངོས་ཟོག་ཉོ་སྒྲུབ་བྱེད་རོགས་སོགས་བྱས་ནས་ཁེ་བཟང་བཟས་པ་མ་ཟད། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་ཡོད།
ཝུའུ་ཁྲུན་ཆིང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས། ལས་ཐོག་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུའང་མཚམས་དང་ཚོད་མི་བྱེད་པ་དང་། ངོ་བོ་ཚབས་ཆེ་ཞིང་ཤུགས་རྐྱེན་ངན་པ་བཟོས་ཡོད་པས། ཐག་གཅོད་ནན་པོ་བྱེད་དགོས་ངེས་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་པའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་མ་ཟད་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། ཝུའུ་ཁྲུན་ཆིང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། ཁོ་པས་ལོངས་སུ་སྤྱོད་པའི་ཐོབ་ཐང་གཏན་འབེབས་གཞིར་བཟུང་མེད་པར་བཟོ་རྒྱུ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་དག་གཞུང་བཞེས་གཏོང་རྒྱུ། ཁོ་པའི་ཉེས་གསོག་དོགས་ཡོད་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱེད་པར་སྐྱེལ་རྒྱུ་དང་གྱོད་འབྲེལ་རྒྱུ་དངོས་དག་མཉམ་དུ་སྐྱེལ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།
འབྲེལ་ཡོད་གསར་འགྱུར།