ཀྲུང་གོའི་ཁེ་ལས་ཀྱིས་ཁམ་ཕུ་ཁྲེར་མཚོ་འགྲམ་སྤྱི་གླིང་རྣམ་པའི་གློག་ཁང་བསྐྲུན་པ།

འདི་ནི་ཧྭ་གློག་ཤིས་ཧ་ནུའུ་ཁེ་གྲུ་ཁའི་རྣམ་གྲངས་ཀྱི་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ་ལས་དོན་པས་གློག་འདོན་འཕྲུལ་ཚན་གྱི་འཁོར་རྒྱུག་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་བྱེད་བཞིན་པ།
ཁམ་ཕུ་ཁྲེའི་ལྷོ་རྒྱུད་ཀྱི་ཤིས་ཧ་ནུའུ་ཁེ་གྲོང་ཁྱེར་པང་ཤུན་མཚོ་ཁུག་གི་འགྲམ་དུ། ཀྲུང་གོ་ཧྭ་གློག་ཀུང་སིས་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་པའི་ཁམ་ཕུ་ཁྲེའི་ཤིས་ཧ་ནུའུ་ཁེ་གྲུ་ཁའི་གློག་འདོན་རྣམ་གྲངས(གཤམ་དུ“ཧྭ་གློག་ཤིས་གྲུ་ཁའི་རྣམ་གྲངས”ཞེས་བསྡུ་རྒྱུ)དེ་མཚོ་འགྲམ་དུ་བསྐྲུན་ཞིང་། རྣམ་གྲངས་བཟོ་གྲྭའི་ཁུལ་དུ་སྐྱོད་སྐབས་འགྲོ་ལམ་བདེ་ཞིང་ཁོད་སྙོམས་པ་དང་རྩི་ཤིང་སྔོ་ཐིང་ངེར་ཡོད་པ་དང་། བཟོ་སྐྲུན་གཙོ་བོ་དེ་ཉིད་ཉི་འོད་ཁྲོད་ཁྲ་ཆེམ་མེར་མངོན་གསལ་དོད་པོ་ཡོད་པ་རེད།
“ང་ཚོས་རང་ཡུལ་ལུང་པའི་རང་བྱུང་ཆ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་དུད་རྡུལ་དང་། འཛེར་སྒྲ། ཚྭ་བུལ། ལྕི་བའི་ལྕགས་རིགས་བཅས་འགོག་པའི་རྩི་ཤིང་བཏབ་ནས་སྔོ་འགྱུར་རྩི་ཤིང་ཁྱབ་ཚད་རྒྱུན་མཐུད་ཆེ་རུ་གཏོང་གི་ཡོད”ཅེས་རྣམ་གྲངས་བདེ་འཇགས་ཁོར་ཡུག་སྲུང་སྐྱོང་པུའི་ཀྲུའུ་རེན་ལིན་ཁྲུན་གྱིས་གསར་འགོད་པར་ངོ་སྤྲོད་བྱས་ཤིང་། རྣམ་གྲངས་ཁུལ་དུ་དམངས་ཚོགས་ཀྱི་སྒོ་དབྱེ་ཉིན་མོ་དུས་བཀག་ལྟར་གཉེར་གྱི་ཡོད་པས་ས་གནས་དེ་གའི་ཡུལ་མི་མང་པོ་བཟོ་གྲྭའི་ཁུལ་དུ་བསྐྱོད་རྗེས། “འདི་ནི་མཚོ་འགྲམ་གྱི་སྤྱི་གླིང་ཞིག་དང་ཡོངས་སུ་མཚུངས”ཞེས་བསྔགས་བརྗོད་བྱེད་ཀྱི་ཡོད།
“སྤྱི་གླིང་རྣམ་པའི་གློག་ཁང”ལ་མཚོན་ན། ཀྲུང་གོའི་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལ་ཚད་གཞི་མཐོ་པོས་རྒྱུན་མཐུད་མ་དངུལ་བཏང་ཞིང་། ཧྭ་གློག་ཤིས་གྲུ་ཁའི་རྣམ་གྲངས་ལ་ཏན་ཉུང་དབྱང་འགྱུར་རྫས་འབར་བའི་ལག་རྩལ་དང་མཚོ་ཆུའི་མུ་ཟི་འདོན་པའི་ལག་རྩལ་སོགས་གློག་འདོན་གཙང་མའི་བཟོ་རྩལ་སྤྱད་པས་སྔ་རྗེས་སུ་ཁམ་ཕུ་ཁྲེའི་ཁོར་ཡུག་སྲུང་སྐྱོང་པུས་སྤྲད་པའི“བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་དམིགས་བསལ་ལེགས་སྐྱེས་བྱ་དགའ”དང“ཁོར་ཡུག་སྲུང་སྐྱོང་གི་ཁྱད་འཕགས་ལེགས་སྐྱེས་བྱ་དགའ”སོགས་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཧྭ་གློག་ཤིས་གྲུ་ཁའི་རྣམ་གྲངས་ཀྱིས་མིག་སྔར་ཁམ་ཕུ་ཁྲེའི་གློག་གི་གསུམ་ཆ་གཅིག་ཙམ་འགན་ལེན་ཐུབ་ནས་ས་གནས་དེ་གའི་གློག་དཀོན་པའི་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་ཡོད་ཅིང་། “རྣམ་གྲངས་གཉེར་སྐྱོང་བྱས་རྗེས། དེ་སྔོན་ལོ་རེར་ཆ་སྙོམས་ཐེངས་5ནས་6བར་རྒྱལ་ཡོངས་རང་བཞིན་གྱི་གློག་ཆད་པ་དང་ཐ་ན་གློག་དྲ་རྦད་དེ་སྐྱོན་ཤོར་བའི་གནས་ཚུལ་ལོ་རྒྱུས་སུ་གྱུར་ཡོད”ཁམ་ཕུ་ཁྲེས་དུས་འདི་ནས་བཟུང་དུས་ཡུན་རིང་པོར་རིན་གོང་མཐོ་བའི་གློག་ཤུགས་ནང་འདྲེན་གྱི་གནས་སྟངས་ལ་འགྱུར་ལྡོག་ཕྱིན་ནས་གློག་ཤུགས་ཀྱི་ཡོང་ཁུངས་རང་བརྟེན་ངང་འགན་ལེན་ཐུབ་ཀྱི་ཡོད་ཅེས་རྣམ་གྲངས་ལག་རྩལ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཅན་ཏུང་གིས་བརྗོད།
ཁྲེན་ཅན་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྣམ་གྲངས་ཚོགས་པས་རིག་ནུས་སྒྲིག་བཀོད་སྤྱད་དེ་ཉེན་ཁ་ཆེ་བ་དང་དཀའ་ཚེགས་ཆེ་བའི་ལས་ཀའི་ཚབ་བྱས་ནས“མི་གྲངས་ཉུང་དུ་སོང་ཡང་ཕན་འབྲས་ཆུང་དུ་མི་གཏོང་བའི”རིག་ནུས་ཅན་གྱི་ཚོད་ལྟ་ཧུར་ཐག་བྱས་ཡོད། དཔེར་ན། གློག་ཤུགས“སྙིང་ཁམས”ཏེ་གློག་འདོན་འཕྲུལ་ཚན་གྱི་འཁོར་རྒྱུག་ལ་ནོར་འཕྱུག་གཏན་ནས་མེད་པའི་འགན་ལེན་བྱ་ཆེད། རྣམ་གྲངས་ཀྱིས་རླུང་འཁོར་དང་། ཆུ་འཐེན་འཕྲུལ་འཁོར། སྣུམ་འཐེན་འཕྲུལ་འཁོར་སོཌ་སྒྲིག་ཆས་གལ་ཆེན་ཚང་མར“བཀོལ་སྤྱོད་རེ་དང་གྲབས་སྤྱོད་རེ”ཡི་བཀོད་སྒྲིག་ལག་བསྟར་བྱས་པ་ལྟ་བུ་རེད། གལ་སྲིད་སྒྲིག་ཆས་གཙོ་བོར་ཆག་སྐྱོན་བྱུང་ཚེ་རིག་ནུས་མ་ལག་གིས་འཕྲལ་མར་རང་འགུལ་ངང་བརྗེས་ནས་འཕྲུལ་ཚན་འཁོར་རྒྱུག་ཐུབ་པར་བྱེད་ཀྱི་ཡོད་པ་རེད།
རྫས་འགྱུར་སྒུལ་ཤུགས་གློག་སྒྱུར་ཁང་དུ་གློག་རླངས་ཉམས་བཟོའི་གཞོགས་འདེགས་པ་པུའུ་ཧུའོ་ཨེན་གྱིས་རེས་སྐོར་གཅིག་གི་སྒྲིག་ཆས་སྐོར་ཞིབ་ལེགས་པར་བསྒྲུབས་ཤིང་། ཁོང་གིས་སློབ་ཆེན་དུ་གློག་རླངས་ཤེས་བྱ་སྦྱངས་བརྩོན་བྱས་པ་དང་ཕྱིས་སུ་ཕ་ཡུལ་དུ་ཆེད་ལས་དང་མཐུན་པའི་ལས་ཀ་བྱས་ཡོད། “སློབ་གྲྭར་བསླབས་པ་ནི་རྨང་གཞིའི་ཤེས་བྱ་ཙམ་རེད། དངོས་འབྲེལ་རྙོག་འཛིང་ཆེ་བའི་གློག་ཤུགས་ཀྱི་དངོས་སྦྱོང་རྩལ་ནུས་མཐའ་དག་ནི་འདི་ནས་སྦྱོང་ཐུབ་ཀྱི་འདུག”རྣམ་གྲངས་ཀྱིས་ས་གནས་འདིའི་ལས་བཟོར་འདྲ་བཟོའི་འཕྲུལ་ཆས་ཀྱི་གསོ་སྦྱོང་ཆེད་མངགས་བྱས་པ་མ་ཟད། ཚད་ལྡན་གྱི་བཀོལ་སྤྱོད་ནང་སྦྱོང་ཡང་བྱས་པ་རེད། “ཀྲུང་གོའི་ཁེ་ལས་ཀྱིས་ང་ཚོར་མ་དངུལ་ཡུན་རིང་པོ་གཏོང་འདོད་ཡོད་པས། ལས་རིགས་ཀྱི་མདུན་ལམ་ཐད་ང་རང་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་པུའུ་ཧུའོ་ཨེན་གྱིས་བཤད།
“རང་ཡུལ་གྱི་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་པ་ནི་ང་ཚོས་ཡུན་རིང་མཐའ་འཁྱོངས་བྱེད་པའི་ས་ཁོངས་ཅན་གྱི་འཐབ་ཇུས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་ཀྱང་ཕན་ཐོགས་ཡོད”ཅེས་རྣམ་གྲངས་དེའི་ཁེ་ལས་རིག་གནས་པུའི་ཀྲུའུ་རེན་ལིའུ་ཐུང་དབྱིང་གིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། “དར་གོས་ལམ་བུའི་ཕུགས་འདུན་དོན་གཉེར”སོགས་ཤེས་ལྡན་པ་གསོ་སྐྱོང་རྣམ་གྲངས་ལ་བརྟེན་ནས་རྣམ་གྲངས་ཀྱིས་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་དང་ཁམ་ཕུ་ཁྲེར་ཡོད་པའི་ཁུང་ཙི་སློབ་གླིང་སོགས་ཀྱི་དབར་མཉམ་ལས་བྱས་ཏེ“སྐད་ཆ+རྩལ་ནུས”ཀྱི་གསོ་སྦྱོང་གང་ལེགས་བྱས་ཡོད། 2025ལོའི་ལོ་མཇུག་བར་རྣམ་གྲངས་ཁྲོད་མི་104ལ་ལས་རིགས་ཀྱི་འོས་བབ་རག་པ་དང་མི་32མཐོ་རིམ་བཟོ་པར་འཕར་ཡོད་པ་རེད། ཉིན་རེ་བཞིན་སྟོབས་ཆེར་འགྲོ་བའི་ཆེད་ལས་དཔུང་ཁག་དེ་ཉིད་རིམ་བཞིན་ཡུལ་ལུང་དེ་གའི་གློག་ཤུགས་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྐང་འཛིན་པར་གྱུར་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།