དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྷོ་ཨ་ཧྥེ་རི་ཁས་ཕྱི་རྒྱལ་གྱི་མ་རྩ་འགུགས་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།   ཏའེ་ཁེ་རེན།   |     སྤེལ་དུས།  2026-04-30

    ཉིན་ཤས་གོང་། ལྷོ་ཨ་ཧྥེ་རི་ཁའི་མ་འཇོག་ཚོགས་ཆེན་སྐབས་དྲུག་པ་གཡོད་ཧན་ནེ་སི་པའོ་རུ་འཚོཌ་ཤིང་། ཚོགས་འདུའི་ཐོག་མ་འཇོག་རྣམ་གྲངས་81བཞག་པར་ལན་ཐེ་སྒོར་དུང་ཕྱུར་8898(མི་དམངས་ཤོག་སྒོར་1ལ་ལན་ཐེ་སྒོར་2.46ཙམ་ཡིན་པ)ཟིན་པ་དེ་ནི་སྐབས་རིམ་བྱུང་ཚོགས་ཆེན་ནང་ནས་མང་ཤོས་ཡིན་པ་རེད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཚོགས་འདུའི་ཐོག་རེས་སྐོར་གཉིས་པའི་ཙུང་ཐུང་གི་མ་འཇོག་སྐུལ་སློང་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ནས་2026ལོ་ནས་2030ལོའི་བར་མ་འཇོག་ལན་ཐེ་སྒོར་དུང་ཕྱུར་ཁྲི་2འཕར་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་པ་རེད། ཁོང་གིས། ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་དེ་ཉིད་སླར་གསོའི་དུས་མཚམས་ནས་འཕར་བའི་དུས་མཚམས་སུ་སྒྱུར་བཞིན་ཡོད་པས། མ་འཇོག་ཁས་ལེན་ནས་རྣམ་གྲངས་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷོ་ཨ་ཧྥེ་རི་ཁས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཚོང་གཉེར་ལ་སྟབས་བདེ་སྐྲུན་ཚད་མཐོ་རུ་བཏང་ནས་རྒྱལ་སྤྱིའི་མ་འཇོག་མཁན་གྱི་ཡིད་དབང་འགུགས་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད། གློག་ཤུགས་མཁོ་འདོན་མི་འདང་བ་དེ་ནི་སྔོན་ཆད་ལྷོ་ཨ་ཧྥེ་རི་ཁའི་བཟོ་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས། ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གིས་2022ལོར“ནུས་རྒྱུའི་བྱ་སྤྱོད་འཆར་གཞི”ཡོངས་བསྒྲགས་བྱས་ནས་གློག་ཤུགས་ལས་རིགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་། སྒེར་གཉེར་སྡེ་ཚན་གློག་ཤུགས་ཐོན་སྐྱེད་ནང་ཞུགས་པའི་ཚོད་འཛིན་ལྷུག་ཏུ་བཏང་སྟེ་བསྐྱར་སྐྱེས་ནུས་རྒྱུའི་རྣམ་གྲངས་འཛུགས་སྐྲུན་མགྱོགས་སུ་བཏང་ཡོད། གློག་ཤུགས་མཁོ་འདོན་མི་འདང་བའི་གནས་ཚུལ་རིམ་བཞིན་ཞི་ལྷོད་དུ་ཕྱིན་པ་དང་བསྟུན་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་བརྟན་པོའི་རང་བཞིན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། འགྲིམ་འགྲུལ་དང་ཟོག་འགྲུལ་ཁྱབ་ཁོངས་ཐད། ལྷོ་ཨ་ཧྥེ་རི་ཁས་ལྕགས་ལམ་གྱི་གཉེར་སྐྱོང་དེ་སྒེར་གཉེར་སྡེ་ཚན་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་བཏང་ནས་གྲུ་ཁའི་གཉེར་སྐྱོང་གི་ལས་ཆོད་ཆེ་རུ་བཏང་བ་མ་ཟད། ཨ་ཧྥེ་རི་ཁ་གསར་སྤེལ་དངུལ་ཁང་སོགས་ལས་ཁུངས་ཀྱི་མ་དངུལ་བསྡུ་རུབ་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཟོག་འགྲུལ་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སྐྱེལ་འདྲེན་ལྷུ་ཚིགས་ཀྱི་ཚོད་འཛིན་ཞི་ལྷོད་དུ་བཏང་ཡོད།

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད། ལྷོ་ཨ་ཧྥེ་རི་ཁས་རྒྱལ་སྒྲོལ་འཐུས་མཆན་འགོད་པ་དང་། ཁེ་ལས་ཐོ་འགོད། སྲིད་འཛིན་ཞིབ་མཆན་སོགས་ཀྱི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་མ་འཇོག་ལས་སྒྲུབ་ཀྱི་ལས་ཆོད་ཆེ་རུ་བཏང་ཡོད། འཐུས་མཆན་གྱི་ལམ་ལུགས་སྒྱུར་བཅོས་ཐད། ལྷོ་ཨ་ཧྥེ་རི་ཁས་བློས་འགེལ་ཆོག་པའི་གླ་བདག་གི་འཆར་གཞི་ཁྱབ་གདལ་བཏང་ནས་ཚད་གཞི་དང་མཐུན་པའི་ཁེ་ལས་ལ་སྔོན་ཚུད་ནས་ཁས་ལེན་དཔང་འདོན་བྱེད་པ་དང་། རྒྱལ་ཁོངས་ཕྱིའི་ལས་བཟོའི་འཐུས་མཆན་རེ་ཞུའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། ཞིབ་མཆན་འགོད་པའི་དུས་འཁོར་ཐུང་དུ་གཏོང་བ་བཅས་བྱས་ཏེ། རྒྱལ་སྒྲོལ་ཁེ་ལས་ལ་ཆེད་ལས་ཤེས་ལྡན་པ་ནང་འདྲེན་དང་མ་འཇོག་གི་བྱེད་སྒོ་སྤེལ་བར་སྟབས་བདེ་བསྐྲུན་ཡོད། ཁེ་ལས་ཐོ་འགོད་ཐད། “ལྷོ་ཨ་ཧྥེ་རི་ཁར་མ་འཇོག”ཅེས་པའི་ལྷོ་ཨ་ཧྥེ་རི་ཁ་མ་འཇོག་སྐུལ་སྤེལ་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲངས་འཛིན་ཅན་གྱི་གོ་རིམ་ལེགས་སུ་བཏང་ནས་ཁེ་ལས་ཐོ་འགོད་ཀྱི་དུས་ཡུན་དེ་སྔོན་གྱི་ཉིན་40ནས་དྲ་ཐོག་ཏུ་ཉིན་གཅིག་ནང་གཉེར་ཐུབ་པའི་བར་ཐུང་དུ་བཏང་སྟེ། ཁེ་ལས་གཉེར་སྐྱོང་གི་ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་ནུས་ལྡན་བཏང་ཡོད།

    ཀྲུང་གོའི་ཁེ་ལས་ཀྱིས་ཉེ་བའི་ལོ་ཤས་རིང་རྒྱུན་ཆད་མེད་པར་ལྷོ་ཨ་ཧྥེ་རི་ཁར་མ་འཇོག་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་བཏང་སྟེ། སྲོལ་རྒྱུན་གྱི་ཐོན་ཁུངས་གསར་སྤེལ་ནས་བཟོ་སྐྲུན་ལས་རིགས་དང་། ནུས་རྒྱུ་གསར་པ། རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་བར་ཆེ་རུ་བཏང་ཡོད། ཉེ་ཆར་གཉེར་བའི་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གླེང་སྟེགས་ཐོག རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། ནུས་རྒྱུ་དང་གཏེར་ཁ། དངུལ་རྩ། ཟོག་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་འབྲེལ་མཐུད་དང་གྲོས་མོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།