དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་ཀྲུང་ཧིན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཅ་ཁར་ཐ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-30

    ཚེས་28ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་ཀྲུང་ཧིན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ས་ཅ་ཁར་ཐ་རུ་འཚོགས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་ཞིང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེང་རབས་ཀྲུང་གོར་ངོས་འཛིན་དང་ཤེས་རྟོགས་བྱེད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད། མིག་སྔར། ཀྲུང་གོ་འདི་ཉིད“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ་དང་ཧིན་རྡུ་ཉི་ཞི་ཡའང“རྫོགས་ལྡན་གྱི་ཧིན་རྡུ་ཉི་ཞི་ཡའི་2045”ཡི་ཕུགས་འདུན་ཕྱོགས་སུ་བརྟན་པོའི་ངང་སྐྱོད་བཞིན་ཡོད་པས། རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་འཐབ་ཇུས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་མཉམ་ལས་ཟབ་ཏུ་བཏང་བ་དེས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་སྐྲུན་ཐུབ་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྒུལ་ཤུགས་ཆེན་པོ་དེ་བས་ཀྱང་སྣོན་ཐུབ་པའི་ངོས་འཛིན་གནང་བ་རེད།

    ཧིན་རྡུ་ཉི་ཞི་ཡའི་མི་དམངས་གྲོས་མོལ་ཚོགས་འདུའི་ཀྲུའུ་ཞི་ཨ་ཧོ་མཱ་ཏེ·མུའུ་ཀྲ་ཉི་ཡིས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེས་ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་ལས་རིགས་དང་། རིག་གཞུང་ལས་རིགས། དེ་བཞིན་སྲིད་ཇུས་བཟོ་མཁན་བཅས་ལ་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་པ་དང་ད་ཐེངས་ཀྱི་དཔེ་དེབ་གསར་པའི་འོས་སྦྱོར་ངོ་སྤྲོད་བྱེད་སྒོ་དེས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོའི་བསམ་བློ་སྤེལ་རེས་གཏིང་ཟབ་ཏུ་གཏོང་བར་ལས་སྟེགས་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་དཔོན་རིགས་དང་། མཁས་དབང་། གཞོན་ནུ་ཚོགས་སྤྱི་བཅས་དེ་བས་མང་བས་གསུང་རྩོམ་གལ་ཆེན་དེ་ལྟ་ཀློག་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ལམ་བུ་དང་བཅོས་སྐྱོང་འདུ་ཤེས་ལ་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་འཛམ་གླིང་དང་མིའི་རིགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་ངོས་འཛིན་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།

    ཧིན་རྡུ་ཉི་ཞི་ཡའི་མི་འགྲུལ་པུའི་པུའུ་ཀྲང་མུའུ་ཧན་མོ་ཏེ·དབྱི་ཕུའུ་ཐི་ཐ་ཧོ·སུའུ་ལའེ་མན་གྱིས། ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་བརྟེན་ནས་དབུལ་ཕོངས་སེལ་བར་སྐུལ་འདེད་བཏང་བ་དེར་ངས་དཔང་པོ་བྱེད་ཐུབ། དབུལ་པོ་ཉུང་གཏོང་དང་། གྲོང་གསེབ་འཛུགས་སྐྲུན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་འདུ་ཤེས་གལ་ཆེན་དང་གསར་གཏོད་ལག་ལེན་གྱིས་ཧིན་རྡུ་ཉི་ཞི་ཡས་མི་འབོར་གནས་སྤོ་བཀོད་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཤར་རྒྱུད་ས་ཁུལ་གྱི་གསར་སྤེལ་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་དཔྱད་གཞིར་འཛིན་ཆོག་པའི་བརྒྱུད་རིམ་རང་བཞིན་གྱི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་གསུངས།

    ཧིན་རྡུ་ཉི་ཞི་ཡའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝུའེ་ལུའོ་ཉི་ཁཱ·ས་ལཱ་སི་ཝ་ཏི་ཡིས། དེང་སྐབས་འཛམ་གླིང་ལ་འཕོ་འགྱུར་གཏིང་ཟབ་དང་ཡོ་ལང་ལེགས་སྒྲིག་བྱེད་བཞིན་ཡོད་པས་རྒྱལ་ཁབ་ཁག་ལ་དེ་སྔའི་དུས་སྐབས་གང་ཞིག་ལས་ཀྱང་སྒོ་དབྱེའི་མཉམ་ལས་ལ་བརྟེན་ནས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དེ་བས་ཆེ་བ་ཡོད།

    ཧིན་རྡུ་ཉི་ཞི་ཡས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས། མཛའ་གྲོགས་མཉམ་ལས་མུ་མཐུད་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དེ་ནི་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འཚམ་པའི་ཡང་དག་པའི་གདམ་ག་ཞིག་རེད་ཅེས་གསུངས།

    བྱེད་སྒོ་སྤེལ་རིང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡའི་སྐུ་མགྲོན་ལ《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་དཔེ་དེབ་ཕྱག་རྟགས་སུ་ཕུལ་བ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་གོ་སྐབས་དང་། ཐུན་མོང་དེང་རབས་ཅན། དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་དང་གླེང་མོལ་གནང་ཞིང་། ཀྲུང་གོར་ཟབ་སྦྱོང་བྱེད་མཁན་ཧིན་རྡུ་ཉི་ཞི་ཡའི་གྲོང་ཚོའི་ལས་བྱེད་པའི་འཛིན་གྲྭའི་འཐུས་མི་ཚོས་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱས་པའི་གྲུབ་འབྲས་དང་དེ་བཞིན་རྒྱལ་ནང་དུ་ལོག་རྗེས་འབྲེལ་ཡོད་ཉམས་མྱོང་རང་རྒྱལ་ཁབ་ཀྱི་གྲོང་ཚོ་བཅོས་སྐྱོང་ཐད་སྤྱད་པའི་ལག་ལེན་གནས་ཚུལ་མཉམ་སྤྱོད་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཧིན་རྡུ་ཉི་ཞི་ཡའི་མི་འགྲུལ་པུའུ། ཀྲུང་གོ་ཕྱི་ཡིག་ཅུས། ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་དང་དེ་བཞིན་དཔེ་སྐྲུན་དང་། རིག་མཛོད། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་འཐུས་མི་200ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།