གདེང་ཚོད་ཆེ་རུ་བཏང་ནས་དཔལ་འབྱོར་གྱི་མཉེན་ཤུགས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་དགོས།
འགོ་ཚུགས་ལོར་རང་རྒྱལ་དཔལ་འབྱོར་ཐད་གོམ་པ་ནུས་ལྡན་སྤོས་ཤིང་། ཇི་ལྟར་བྱས་ནས་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་སམ། ཟླ་4ཚེས་28ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པ་དང“གདེང་ཚོད་ཆེ་རུ་བཏང་ནས་སྟོབས་ཤུགས་དེ་བས་ནུས་ལྡན་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས”ཞེས་ནན་བཤད་བྱས་ཡོད།
རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་འཕར་ཆག་དང་ངེས་བརྟན་མེད་པའི་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་པའི་འོག་དུས་ཚིགས་དང་པོར་རང་རྒྱལ་གྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ལེགས་པ་དང་། མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ནས“ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་པ”སླར་ཡང་ར་སྤྲོད་ཐུབ་ཡོད།
གཞི་ཆེའི་སྲིད་ཇུས་ལ་བལྟས་ན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་འཕར་བ་དང་། རྒྱང་ལྟའི་རང་བཞིན་གྱི་ནུས་རྒྱུ་གསར་པའི་ཐོན་ལས་བཀོད་སྒྲིག་བྱས་པ་ལས་རང་རྒྱལ་གྱི་ནུས་རྒྱུའི་ཐོན་ཁུངས་མཁོ་འདོན་བརྟན་པོ་དང་གོ་རིམ་ལྡན་པ། “གཙོ་གནད་གཉིས”དང“གསར་པ་གཉིས”སོགས་ཀྱི་སྲིད་ཇུས་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པས་དཔལ་འབྱོར་འཕར་བར་ནང་མཁོས་ལེགས་སྐྱེས་འབུལ་ཚད་84.7%ཟིན་པ་ལ་སོགས་རེད།
བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་སྤྱི་ཁོག་སྲིད་ཇུས་བེད་སྤྱོད་ཡག་པོ་བཏང་ཚེ། ཕྱི་ཕྱོགས་ཀྱི་རྡབ་རྡེག་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་ནས་རང་རྒྱལ་གྱི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་བརྟན་བགྲོད་རྒྱང་འཁྱོལ་བྱེད་པར་གཡས་གཞོགས་གཡོན་འདེགས་ཐུབ་ཀྱི་ཡོད། རྒྱལ་སྤྱིའི་དུས་བབ་ཇི་ཙམ་གྱིས་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་མང་ཚེ་དེ་ཙམ་གྱིས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་དེ་བས་བརྟན་དུ་བཏང་ནས། རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་མཉམ་འདྲེས་ཀྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་རང་རྒྱལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་དགོས།
ཡིད་ཆེས་བྱས་ཚེ་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་དང་དངོས་སྒྲུབ་དོན་གཉེར་བྱེད་པའི་ཁྲོད་གོང་བུ་གཅིག་ཏུ་འགྲིལ་ཐུབ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་མདུན་དུ་བསྐྱོད་ཚེ། ང་ཚོས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།