དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི“ལྔ་གཅིག”རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཟའ་འཁོར་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-30

    ཟླ་4ཚེས་27ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཡིས་པེ་ཅིང་དུ་2026ལོའི་རྒྱལ་ཡོངས་ཀྱི“ལྔ་གཅིག”རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཟའ་འཁོར་གྱི་སྨྱན་སྦྱོར་འོས་སྦྱོར་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི“ལྔ་གཅིག”རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཟའ་འཁོར་བྱེད་སྒོ་དངོས་སུ་སྤེལ་བ་རེད། འཛད་སྤྱོད་གཟའ་འཁོར་གྱི་བྱེད་སྒོ་སྤེལ་རིང་། ས་གནས་ཁག་གིས་ཡུལ་སྐོར་བ་གླིང་ཁུལ་དུ་བསྐྱོད་ནས་མེ་ཏོག་ལ་ལྟ་བ་དང་། ཕ་མས་བུ་ཕྲུག་དང་མཉམ་དུ་རོལ་རྩེད་ལ་རོལ་བ། ཞིབ་སྦྱོང་ཡུལ་སྐོར་བྱེད་པ་སོགས་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་ནས་དུས་ཚིགས་དེའི་རིག་གནས་དང་ཡུལ་སྐོར་ཐོན་རྫས་བཏོན་པ་དང་བྱེད་སྒོ་སྤེལ་བ་མ་ཟད། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་སྒོ་ཡང་ཐེངས་ཁྲི་1.37ལྷག་ཙམ་སྤེལ་བ་དང་འཛད་སྤྱོད་ཁ་གསབ་སྒོར་དུང་ཕྱུར་2.84ལྷག་ཙམ་ཟིན་པའི་འཛད་སྤྱོད་འཛིན་ཤོག་སོགས་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི“ལྔ་གཅིག”རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་གཟའ་འཁོར་བྱེད་སྒོ་ཟླ་4པའི་ཟླ་མཇུག་ནས“ལྔ་གཅིག”ངལ་གསོའི་བར་གཉེར་རྒྱུ་དང་། རིག་གནས་དང་ཡུལ་སྐོར་པུའུ་ཡིས་འབྲེལ་ཡོད་ཁེ་ལས་དང་སྒྲིག་གཞི་དང་མཉམ་དུ་འཛད་སྤྱོད་གཟའ་འཁོར་བྱེད་སྒོའི་རིང་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་རབ་དང་རིམ་པ་འདོན་རྒྱུ་རེད། འོས་སྦྱོར་ཚོགས་འདུར་ཀྲུང་གོ་གནམ་གཤིས་ཅུས་རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི“ལྔ་གཅིག”གི་མེ་ཏོག་ལ་ལྟ་བའི་ཡུལ་སྐོར་ས་བཀྲ་བཟོས་པ་དང་། ཀྲུང་གོ་རྡོ་སྣུམ་ཀུང་སིས“གཟའ་པ་སངས་ལ་སྣུམ་བླུགས་ནས་གཟའ་མཇུག་འཁོར་གཏོང་ཡུལ་སྐོར་བྱེད་པ”སོགས་ཀྱི་འཛད་སྤྱོད་དམངས་ཕན་བྱེད་ཐབས་བཏོན་པ། ཀྲུང་གོ་སྒུལ་བདེས“ལྔ་གཅིག་ཡུལ་སྐོར་ཀུན་ལ་ཁྱབ། གྲོང་གསེབ་ཡུལ་ལུང་གང་སར་འགྲིམ”གྱི་ཆེད་དོན་གཟིགས་སྐྱོང་བྱེད་ཐབས་བཏོན་པ། ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས“ལྔ་གཅིག་རིང་ལ་ཅ་དངོས་ཉོ་སྒྲུབ་ཧུར་ཐག་བྱེད”དང“རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ”སོགས་ཀྱི་བྱེད་སྒོ་ཡང་སྤེལ་བ་རེད།

    གཞན་ཡང་། ཀྲུང་གོ་ཡུལ་སྐོར་མཛེས་ལྗོངས་ཁུལ་མཐུན་ཚོགས་ཀྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤྲོ་སྣང་འཛད་སྤྱོད་དུས་ཚིགས་སྒྲིག་འཛུགས་བྱས་ནས། “ལྔ་གཅིག”གུང་གསེང་རིང་ས་གནས་ཁག་གི་མཛེས་ལྗོངས་ཁུལ་དང་མཉམ་དུ་བྱེད་སྒོ་200ཙམ་སྤེལ་བ་དང་། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས“འཁྲབ་སྟོན་བྱེད་ཞོར་ཡུལ་སྐོར་བྱེད”དང“ལྔ་གཅིག”གུང་གསེང་གི་གཙོ་གནད་འཁྲབ་སྟོན་བྱེད་སྒོ་དང་གཟིགས་སྐྱོང་བྱེད་ཐབས་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།