《རྒྱལ་ཁབ་ཀྱི་སྨན་རྫས་ཀྱི་སྨན་ལོག་ལྟ་དཔྱད་ཀྱི་ལོ་འཁོར་སྙན་ཞུ(2025ལོ)》ཁྱབ་བསྒྲཌ་བྱས་པ།
ལོ་65ཡན་གྱི་རྒན་རྒོན་ནད་པར་ཉེན་ཁ་ཆེ་བ།
ཚེས་27ཉིན། རྒྱལ་ཁབ་ཀྱི་སྨན་རྫས་ཀྱི་སྨན་ལོག་ལྟ་དཔྱད་ལྟེ་གནས་ཀྱིས《རྒྱལ་ཁབ་ཀྱི་སྨན་རྫས་ཀྱི་སྨན་ལོག་ལྟ་དཔྱད་ཀྱི་ལོ་འཁོར་སྙན་ཞུ(2025ལོ)》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་ལོ་65དང་དེ་ཡན་གྱི་རྒན་རྒོན་ནད་པ་ནི་སྨན་རྫས་ཀྱི་སྨན་ལོག་གི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པ་དང་དེས་བཟུང་བའི་བསྡུར་ཚད་གསུམ་ཆ་གཅིག་ལྷག་ཙམ་ཟིན་ཡོད་པས། ནད་ཐོག་སྨན་བཅོས་བྱེད་སྐབས་རྒན་རྒོན་ནད་པའི་བདེ་འཇགས་སྨན་སྤྱོད་དོ་དམ་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པ་མངོན་ཡོད།
2025ལོར་རྒྱལ་ཡོངས་ཀྱི་སྨན་རྫས་ཀྱི་སྨན་ལོག་ལྟ་དཔྱད་དྲ་རྒྱར《སྨན་རྫས་ཀྱི་སྨན་ལོག་དོན་རྐྱེན་གྱི་སྙན་ཞུའི་རེའུ་མིག》ཁྲི་272.8འབྱོར་བ་དེ་དུས་མཚུངས་ལས་5.1%འཕར་བའི་ནང་སྨན་རྫས་ཀྱི་སྨན་ལོག་དོན་རྐྱེན་གསར་པ་དང་ཚབས་ཆེའི་སྙན་ཞུ་ཁྲི་93.7ཡོད་པ་དེས་སྙན་ཞུའི་བསྡོམས་འབོར་གྱི་34.3%བཟུང་བ་དང་། མི་འབོར་ཁྲི་བརྒྱ་རེར་ཆ་སྙོམས་སྙན་ཞུའི་གྲངས་འབོར་1935ཟིན་གྱི་ཡོད། བསྡོམས་རྩིས་ལས་མངོན་པར། 2025ལོར་སྨན་བཅོས་སྒྲིག་གཞིའི་སྙན་ཞུས་91.5%བཟུང་བ་དེ་ཐོག་ནས་སྨན་བཅོས་སྒྲིག་གཞི་ནི་སྔར་བཞིན་སྙན་ཞུའི་ཡོང་ཁུངས་ཀྱི་ཐབས་ལམ་གཙོ་བོ་ཡིན་པ་གསལ་བཤད་ཐུབ་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྨན་རྫས་ཀྱི་སྨན་ལོག་ནི་སྨན་རྫས་ཀྱི་ཁྱད་ཆོས་ཤིག་ཡིན་པ་དང་སྨན་རྫས་ཚང་མར་མང་ཉུང་ལ་མ་བལྟོས་པར་སྨན་ལོག་གི་སྣང་ཚུལ་ཐོན་ཡང་བའམ་ཡང་ན་ལྕི་བ་ཡོད་པ་རེད། སྨན་རྫས་ཀྱི་སྨན་ལོག་ལྟ་དཔྱད་ནི་སྨན་རྫས་ཁྲོམ་རར་བཏོན་རྗེས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་སྨན་རྫས་ཀྱི་བདེ་འཇགས་ཉེན་ཁ་དུས་ཐོག་ཏུ་ཤེས་རྟོགས་དང་ཚོད་འཛིན་བྱ་ཆེད་རེད། ནད་ཐོག་སྨན་བཅོས་ཁྲོད་སྨན་དོན་པས་དུས་ཐོག་ཏུ་སྨན་རྫས་ཀྱི་སྨན་ལོག་གི་མངོན་ཚུལ་དང་ཚད་གཞི་ཤེས་རྟོགས་ཐུབ་པ་མ་ཟད། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྔོན་འགོག་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐག་གཅོད་བྱས་ཏེ་ནད་པའི་སྨན་སྤྱོད་བདེ་འཇགས་ལ་འགན་ལེན་དེ་བས་ལེགས་པ་ཐུབ་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།