དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྗང་མདོག་གློག་ཤུགས་ཀྱིས་འཛམ་གླིང་ཡང་རྩེའི་མེ་འཁོར་ལ་གསོན་ཤུགས་གསར་པ་སྦྱིན་པ།

    —— མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭའི་ལོ་7རིང་གི་རེ་སྒུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    2026ལོའི་ཟླ་3ཚེས་31ཉིན། བྱང་ཐང་གི་ས་བབ་སྨི་4500ཡི་སར་ཨར་སྐྲུན་འཕྲུལ་ཆས་ཀྱི་ལྡིར་སྒྲ་གྲགས་པ་ལས་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ་སྐྲུན་འགོ་ཚུགས་པ་མཚོན་ཡོད། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་20སོང་རྗེས་སུ་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་དེའི་ནང་འབར་འཕྲུལ་འཁོར་གྱི་དུ་ཞག་དང་སྣུམ་སྙིགས། འཛེར་སྒྲ་དང་ནུས་རྒྱུ་ཟད་གྲོན་ལས་ཁ་བྲལ་ནས། “བཙོག་འབུད་མེད་པའི”གློག་ཤུགས་ཀྱི་དུས་རབས་སུ་སླེབས་ཉེར་ཡོད།

    དེ་ཡང་2019ལོའི་ཟླ་བ་1པོའི་ལྷ་སར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཁྲུའུ་ཡིས་དུས་ཡུན་ལོ་6རིང་བརྟག་ཞིབ་བྱས་ཤིང་རེ་སྒུག་གིས་ཁེངས་པའི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་ཞིག་ཡིག་ཐུམ་བརྒྱབ་ནས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ལ་སྙན་སེང་ཞུ་བའི་གྲ་སྒྲིག་བྱས། ཡིན་ན་ཡང་སྙན་ཞུ་ཕུལ་རྗེས“ཆོག་མཆན་འགོད་རྒྱུ་རེ་ཞིག་ནར་འགྱངས་བྱེད་དགོས”ཞེས་པའི་ལན་འབྱོར་བས་རྣམ་གྲངས་གནས་སྐབས་མཚམས་འཇོག་དགོས་བྱུང་ཡོད།

    གནད་དོན་ནི་ཕྱི་རོལ་དུ་གློག་གཏོང་བར་འགན་ལེན་བྱེད་པའི་ཐད་ལ་ཐུག་ཡོད་ཅིང་། བོད་བྱང་ཐང་གི་གློག་དྲའི་སྒྲོམ་གཞི་ཞན་པ་དང་གློག་གནོན་མཐོ་ཤོས་སུ་ཆན་ཧྥུའུ་220ལས་ཟིན་གྱི་མེད། རྒྱུན་གཏན་གྱི་གློག་ཁུངས་ཀྱི་འདེགས་སྐྱོར་མི་འདང་བར་བརྟེན། གློག་ཇི་ལྟར་གཏོང་རྒྱུ་དེ་མྱུར་དུ་འགག་སྒྲོལ་བྱེད་དགོས་པའི་དཀའ་གནད་ཅིག་ཏུ་གྱུར་ཡོད།

    “སྒུག་མི་རུང་ལ་བསྒུགས་ཀྱང་མི་བཟོད་པས”2019ལོའི་ཟླ་བ་4པར་བོད་རང་སྐྱོང་ལྗོངས་ཀྱིས་ཆེད་མངགས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་ལྕགས་ལམ་དང་། གློག་ཤུགས། ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་མང་པོ་ཞིག་གི་སྣེ་ཁྲིད་དེ་ས་བབ་སྨི་5000ཡོད་པའི་མི་མེད་ལུང་སྟོང་དུ་དངོས་ཞིབ་བྱེད་པར་བསྐྱོད་ཅིང་། འཁྱགས་སའི་ཁུལ་ནས་བློས་འགེལ་ཆོག་པའི་ལག་རྩལ་གྱི་ཐབས་ལམ་ཞིག་རྙེད་ཆེད། གློག་གཏོང་བའི་ཇུས་གཞི་ཐེངས་མང་རྩིས་མེད་དུ་བཏང་བ་དང་ཡང་ཐེངས་མང་གསར་དུ་བཀོད་ཡོད། དེ་ནི་ས་འཁྱགས་ཁུལ་དུ་ལག་རྩལ་ཡག་པོ་ཞིག་འཚོལ་ཐུབ་ཆེད་རེད།

    2022ལོར་གནས་ཚུལ་ལ་འགྱུར་ལྡོག་འགྲོ་འགོ་ཚུགས་ཡོད། དེ་ཡང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་དུ་སྒྱུར་བ་དང་ཕྱི་གློག་ཆ་སྒྲིག་ལས་གྲྭ་དེ་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་བྱེད་པའི་ལམ་སྲོལ་ནང་བཅུག་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྐུ་ངོ་མས་གཙོ་འགན་བཞེས་ནས་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། སྔ་རྗེས་སུ་འགན་འཁྲི་གཙང་ལེན་གྱི་མཐུན་སྦྱོར་ཚོགས་འདུ་ཐེངས་9འཚོགས་པ་རེད།

    2025ལོའི་ཟླ་བ་9པ་དང་ཟླ་བ་12པར་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ་དང་ལས་གྲྭ་གཙོ་བོའི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་སོ་སོར་ཆོག་མཆན་ཐོབ་ཡོད་པ་རེད།

    2026ལོའི་དཔྱིད་ཀར་མཚོ་བོད་ལྕགས་ལམ་གློག་ཤུགས་ཅན་གྱི་ཕྱི་གློག་ཆ་སྒྲིག་ལས་གྲྭ(བོད་ལྗོངས་དུམ་བུ)གཞི་ནས་ཨར་སྐྲུན་བྱེད་འགོ་ཚུགས་པ་དང་། རིང་ཚད་ལ་སྤྱི་ལེ་1550ལྷག་ཙམ་ཡོད་པའི་གློག་སྐུད་ཁྲིད་ལམ་ལོ་མང་གི་འཁྱགས་སའི་ཁུལ་ནས་བརྒྱུད་དེ་ཆན་ཕུའུ་500ཡི་གློག་སྒྱུར་ས་ཚིགས་གཉིས་སྦྲེལ་ནས་ལྕགས་ལམ་ལ“ལྗང་མདོག་གི་ཁྲག་རྒྱུན”བསྣན་ཡོད་པ་རེད།

    ཨ་མདོ་རྫོང་གི་ཨར་སྐྲུན་བྱ་ཡུལ་དུ་བཟོ་པ་ཚོས་འཁྱགས་སའི་སྟེང་གི་ལྕགས་སྒྲོམ་གྱི་རྩིག་རྨང་དུ་ཨར་འདམ་གཟབ་ནན་ངང་ལྡུག་བཞིན་ཡོད་ཅིང་། འདི་གར་ལོ་ཧྲིལ་པོར་ནུས་ལྡན་ཨར་སྐྲུན་ལོ་ཕྱེད་ཙམ་ལས་བྱེད་ཐུབ་ཀྱི་མེད་ལ། གསོ་རླུང་འདུས་ཚད་ཀྱང་ནང་སའི་ཕྱེད་ཀ་ལས་ཟིན་གྱི་མེད། རང་བྱུང་ཁོར་ཡུག་ཞན་པོའི་ཁྲོད་དེ་བས་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ནི་སྒྱུར་བཀོད་དེའི་རྒྱབ་ཏུ་བྱས་པའི་ཡང་དག་པའི་གདམ་ག་ཡིན་ཏེ། རྣམ་གྲངས་དེ་གནས་སྐབས་ལོ་7ནར་འགྱངས་བྱེད་དགོས་བྱུང་ཡང་གློག་བདེ་འཇགས་དང་བརྟན་པོ་གཏོང་ཐུབ་པའི་འགན་ལེན་བྱས་པ་དེ་རེད།

    2006ལོར་ནང་འབར་འཕྲུལ་འཁོར་གྱི་མེ་འཁོར་དང་པོས་དུ་ཞག་ནག་པོ་འཕྱུར་གྱིན་ལྷ་སར་ཡོང་བ་ནས་2026ལོར་གློག་ཤུགས་ཅན་དུ་སྒྱུར་འགོ་ཚུགས་པའི་བར་ལོ་ངོ་20ཏག་ཏག་སོང་ཡོད། སྐབས་དེར་མེ་འཁོར་ཤར་གཏོང་ཐུབ་ཆེད་ནང་འབར་འཕྲུལ་འཁོར་ལ་མི་བརྟེན་ཀ་མེད་བྱུང་ཡོད། ད་ཆ“ཐཱན་ཉུང་འཕེལ་རྒྱས”གཏོང་དགོས་པའི་དབང་གིས་གློག་ཤུགས་ཅན་དུ་སྒྱུར་དགོས་བྱུང་ཡོད་ཅིང་། འདི་ནི་ལག་རྩལ་ལ་འགྱུར་བ་བྱུང་བ་ཙམ་མ་ཟད། བོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བའི་འགྱུར་ལྡོག་ཆེན་པོ་ཞིག་དེ་བས་ཀྱང་རེད།

    ཡུན་རིང་མ་སོང་བར། དངོས་ཟོག་ཏུན་4000བླུགས་པའི་གློག་ཤུགས་མེ་འཁོར་དང་པོ་དེ་གཡུ་འབྲུག་སྔོན་མོ་བཞིན་དུ་གངས་རིའི་གསེང་དང་རྩྭ་ཐང་གི་ཕང་བ་ནས་རྒྱུ་ངེས་ཡིན་པས། དེ་ནི་འཛམ་གླིང་ཡང་རྩེས་དུས་རབས་འདིར་ཕུལ་བའི་ལྗང་མདོག་གི་ཕྱག་རྟགས་ཡག་ཤོས་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།