དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི“སྒོར་ཁྲི་ཟིན་པའི་གྲོང་ཚོ”དང་པོའི་ཉམས་དགའ་བའི་འཕོ་འགྱུར་ཆེན་པོ་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-04-30

    འདི་ནི་འགྲིམ་འགྲུལ་སྟབས་བདེ་བའི་གནམ་གསལ་གྲོང་ཚོ་ཡིན་པ།

    འདི་ནི་མཁའ་འགྲོའི་ཁྱིམ་གྱི་སྐྱེལ་འདྲེན་རླངས་འཁོར་དང་པོ་ཡིན་པ།

    འདི་ནི་བྲག་ཆུ་གྲོང་རྡལ་དུ་ཉིན་ལྟར་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པ།

    2004ལོའི་ཟླ་12ཚེས་1ཉིན་གྱི《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་པར་ངོས་དང་པོའི་ཐོག“ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གནམ་གསལ་གྲོང་ཚོ་རང་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཟིན་པའི་གྲོང་ཚོ་དང་པོར་གྱུར་ནས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16167ཟིན་གྱི་ཡོད”ཅེས་པའི་མི་སེམས་ལ་སྐུལ་མ་ཐེབས་པའི་གསར་འགྱུར་ཞིག་བཀོད་ཡོད།

    ལོ་22འདས་ཟིན་པ་དང་ཚགས་པར་སེར་མདོག་ཆགས་ཤིང་། སྐབས་དེ་དུས་བོད་ཀྱི“སྒོར་ཁྲི་ཟིན་པའི་གྲོང་ཚོ་དང་པོ”དེ་ད་ཆ་འཕེལ་རྒྱས་གང་འདྲ་བྱུང་ཡོད་དམ།

    《བོད་ལྗོངས་ཉིན་རེའི་ཚགས་པར》བཏོན་ནས་ལོ་ངོ་70འཁོར་བའི་ཆེད་དོན་བཅར་འདྲི་ཚོགས་ཆུང་གིས་ཚགས་པར་རྙིང་པ་དེ་ཁྱེར་ནས་གནམ་གསལ་གྲོང་ཚོར་སྐྱོད་སྐབས། སྲོལ་རྒྱུན་གྱི་གྲོང་ཚོ་དེ་ནས་དེང་རབས་ཅན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པ་ཞིག་མིག་མདུན་དུ་འཆར།

    2025ལོར་གནམ་གསལ་གྲོང་ཚོའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་39537ཟིན་པ་དེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་ལྡབ་1.7ཡིན་པ་རེད། ཚགས་པར་སྟེང་གི་གྲངས་གཞི་དང་མིག་མདུན་གྱི་རྣམ་པ་དངོས་ལས་ལྷ་ཉིང་རིམ་མཐོའི་གཞུང་ལམ་དང་རྒྱལ་ལམ་318རྒྱུད་ཀྱི་གྲོང་ཚོ་དེར་འགྱུར་ལྡོག་ཕྱིན་པ་དང་བསྟུན་ནས་ཕྱུག་པོ་ཆགས་པ་དང་ཉམས་དགའ་བའི་འཕོ་འགྱུར་ཆེན་པོ་ཐེངས་གསུམ་བྱུང་ནས་ངོ་མཚར་ཆེ་བའི་གྲོང་གསེབ་དར་རྒྱས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད།

    འཕོ་འགྱུར་དང་པོ། རི་ཁུག་ནས་སྤོས་པ།

    “སྐབས་དེ་དུས་ང་ཚོ་རི་ཁུག་ནས་སྤོ་ཕོད་པ་ནི་འགྲོ་ལམ་ཤར་གཏོང་ཐུབ་ནས་འཚོ་བ་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་པས་རེད། ད་ལྟ་ཕྱིར་མིག་ལྟ་སྐབས་གདམ་ག་འདི་བྱས་པ་འགྲིག་འདུག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ནོར་བུས་རྒྱལ་ལམ་318ལ་མཛུབ་མོ་བཙུགས་ནས་བཤད།

    དེ་སྔོན་གྲོང་ཚོའི་མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་གཅིག་ཀྱང་ཟིན་གྱི་མེད་ཅིང་། ས་ཞིང་གི་ཐོན་འབབ་ཀྱིས་འཚོ་བ་འཕྱིས་ཙམ་ལས་མེད་པ་མ་ཟད། རླུང་རྟ་རྒྱུག་ན་རི་སྟེང་ནས་བེ་ཤ་དང་སྨན་རྩྭ་ཕྲན་ཙམ་རག་གི་ཡོད། རྒྱལ་ལམ་318སྣུམ་ནག་ལམ་སྒྱུར་བཀོད་བྱས་པ་ལས་ཡུལ་མི་ཚོར་ལས་གྲྭར་ཞུགས་པའི་གོ་སྐབས་རག་ནས་སྐབས་དེ་དུས་གྲོང་ཚོ་ཡོངས་ཀྱི་མི་རེར་ཆ་སྙོམས་འབབ་འཕར་སྒོར་3000ལྷག་ཙམ་བྱུང་སྟེ་གནམ་གསལ་བའི་ལས་གཏོད་ཀྱི“མ་རྩ”དང་པོར་གྱུར།

    དེ་བས་ཆེ་བའི་གོ་སྐབས་ཤིག་ནི་དེ་སྔ་ལག་ལེན་བསྟར་འགོ་ཚུགས་པའི་བྲག་ཆུ་གྲོང་རྡལ་གྱི་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་ལས་གྲྭ་དེ་རེད། བྲག་ཆུ་གྲོང་རྡལ་ནི་སྒེར་འཁོར་ཡུལ་སྐོར་བ་རྒྱལ་ལམ་318བརྒྱུད་བོད་དུ་ཡོང་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་ལ་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོར་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཀྱང་རེད། སྐབས་དེ་དུས་ཀྱི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་མགོན་པོས་དེང་རབས་ཅན་གྱི་མཛེས་སྡུག་གྲོང་རྡལ་ཆུང་ངུ་ཞིག་བསྐྲུན་པ་མཐོང་སྐབས་དགའ་སྤྲོ་དཔག་མེད་སྐྱེས་ནས“གྲོང་རྡལ་དུ་ཚོང་ཁང་ཞིག་བཙུགས་ན་ཞིང་ཁ་བཏབ་པ་ལས་ཡོང་འབབ་ཡག་པ་ཡོང་བཟོ་འདུག”སྙམ།

    སྲིད་ཇུས་བཟང་པོའི་བློ་འགུག་འོག ཡུལ་མི་དུད་ཚང་17གནས་སྤོས་པ་དང་དབྱངས་ཅན་ནི་དེའི་གྲས་ཤིག་རེད། ལོ་22ལ་སླེབས་པའི་དབྱངས་ཅན་གྱིས་དངུལ་བུན་སྒོར་ཁྲི་2ལྷག་ཙམ་གཡར་ནས་རྒྱལ་ལམ་འགྲམ་དུ་ཨར་ཁང་བཙུགས་པར་ལོ་གཅིག་ལ་ཁེ་སྤོགས་སྒོར་ཁྲི་7ནས་8བར་ཡོང་གི་ཡོད། ཁྱིམ་མཚེས་མཁའ་འགྲོས་རང་ཁྱིམ་གྱི་ཁང་པ་འགྲུལ་ཁང་དུ་སྒྱུར་བཀོད་བྱས་པས་ལམ་འགྲུལ་ཁ་ལོ་བ་ཞག་སྡོད་བྱེད་སའི་གདམ་ག་ཡག་ཤོས་སུ་གྱུར། གནས་སྤོས་དུད་ཚང་ཁག་དང་པོར་ཡོང་འབབ་བྱུང་བ་དེས་ཡུལ་མི་གཞན་དག་བློ་བདེ་པོར་གྱུར་པ་རེད། “ངའི་ཚོང་ཁང་བཙུགས་པའི་ལོ་དང་པོ་དེར། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ལྷག་ཙམ་ཟིན་ཡོད”ཅེས་བཀྲ་ཤིས་མགོན་པོས་བཤད།

    འཕོ་འགྱུར་གཉིས་པ། མགྱོགས་ལམ་དུ་བསྐྱོད་པ།

    རྒྱལ་ལམ་318ལ་བརྟེན་ནས་གནམ་གསལ་གྲོང་ཚོ་ཕྱུག་འགྱུར་ལམ་བུར་བསྐྱོད་པ་དང་། 2013ལོར་ལྷ་ཉིང་རིམ་མཐོའི་གཞུང་ལམ་སྐྲུན་འགོ་ཚུགས་པ་དེས་གནམ་གསལ་གྲོང་ཚོ་འདི་ཉིད་འཕེལ་རྒྱས་ཀྱི་མགྱོགས་ལམ་དུ་བསྐྱོད་ཡོད།

    པད་མ་ལྷུན་གྲུབ་1981ལོར་སྐྱེས་པ་དང་། 2013ལོའི་གོང་ལ་རླངས་འཁོར་བཏང་ནས་ཐག་རིང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད། གཞུང་ལམ་བསྐྲུན་འགོ་བཙུགས་པ་ཤེས་འཕྲལ་ཁོང་གིས་དངུལ་བུན་སྒོར་ཁྲི་200གཡར་ནས་རྐོ་འདྲུའི་འཕྲུལ་འཁོར་དང་ལྡུག་འཁོར་སོགས་སྒྲིག་ཆས་ཉོས་ཏེ་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་པར་ལོ་དེ་རང་ལ་ཁེ་བཟང་སྒོར་ཁྲི་70བྱུང་ཡོད། 2017ལོར་ཁོང་གིས་ཨར་སྐྲུན་ཀུང་སི་བཙུགས་པས་གྲོང་ཚོར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཏུ་གྱུར། དེ་ནས་2025ལོར་ཁོང་གིས་སླར་ཡང་བྲག་ཆུ་གྲོང་རྡལ་དུ་སྨི་ངོས་གྲུ་1800ཟིན་པའི་ཡུལ་སྐོར་མགྲོན་ཁང་ཞིག་བརྒྱབ་པ་རེད། “སྐྱེལ་འདྲེན་ཁ་ལོ་བ་ཞིག་ནས་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་ཞིག་གི་བར་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ང་རང་ཕྱུག་འགྱུར་ལམ་བུར་སྐྱོད་ཐུབ་སོང”ཞེས་པད་མ་ལྷུན་གྲུབ་ཀྱིས་བཤད།

    གཞོན་ནུ་ཚོའི་ལས་ཀའི་ཧུར་སེམས་ཀྱིས་གནམ་གསལ་གྲོང་ཚོའི་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ་དང་། རྒན་རབས་པ་ཚོས་གྲོང་ཚོའི་རྨང་གཞི་བརྟན་སྲུང་བྱེད་ཅིང་། ལོ་63ལ་སླེབས་པའི་ཟླ་བ་ཚེ་རིང་གིས་དེ་སྔོན་རྒྱལ་ལམ་དུ་རླངས་འཁོར་བཏང་ནས་ཐག་རིང་དུ་སྐྱེལ་འདྲེན་ལས་ལ་གཞོལ་ཏེ་ཁྱིམ་ཚང་སྐྱོང་གི་ཡོད། ད་ཆ་ཁོང་གིས་སྐྱེལ་འདྲེན་ལས་ཀ་མི་བྱེད་པར་ལམ་འགྲམ་གྱི་སྡོད་ཁང་རྙིང་པའི་འགྲམ་དུ་སྨི་ངོས་གྲུ་200ཟིན་པའི་ཁང་པ་གསར་པ་ཞིག་བརྒྱབ་པ་དེ་ལས་མཇུག་མ་འགྲིལ་གོང་བོགས་མར་བཏང་བར་ལོ་རེར་ཁང་གླ་སྒོར་ཁྲི་2.4ཡོད་པའི་ཁར་ཚོང་ཁང་གི་ཁང་གླ་བསྡོམས་ན་ལོ་རེར་ཡོང་འབབ་སྒོར་ཁྲི་10ཙམ་ཟིན་གྱི་ཡོད།

    ཕྱུག་འགྱུར་གྱི་གཏམ་རྒྱུད་རེ་རེ་ལས་གནམ་གསལ་གྲོང་ཚོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་པ་སྟེ། གྲངས་གཞི་ནི་མཚོན་ཚུལ་ཙམ་ཞིག་ཡིན་པ་དང་དེ་ལས་ཀྱང་གལ་ཆེ་བ་ནི་མི་སེར་གྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་འགྱུར་བ་དེ་རེད།

    འཕོ་འགྱུར་གསུམ་པ། ཕྱོགས་སྒྱུར་རིམ་སྤོར།

    2015ལོའི་ཟླ་9པར། ལྷ་ཉིང་རིམ་མཐོའི་གཞུང་ལམ་ལྷ་ས་ནས་མལ་གྲོ་གུང་དཀར་བར་དང་ཀོང་པོ་རྒྱ་མདའ་ནས་བྲག་ཡིབ་གྲོང་རྡལ་བར་གྱི་ལམ་དུམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་ཏེ་ཡུལ་སྐོར་བ་སྔར་ལས་མང་དུ་སོང་ཡང་འགྲོ་འོང་བྱེད་མཁན་འཁོར་རིགས་ལམ་བར་དུ་ངལ་གསོ་རྒྱག་དགོས་ཀྱི་མེད་པས། གནམ་གསལ་གྲོང་ཚོའི་སྲོལ་རྒྱུན་གྱི“ལམ་རྒྱུད་དཔལ་འབྱོར”ལ་འགྲན་སློང་གསར་པ་འཕྲད།

    འགྱུར་ལྡོག་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུག་ལ་གྱུར་ཞིང་། བྲག་ཆུ་གྲོང་རྡལ་ཏང་ཨུད་ཀྱིས་ཕྱོགས་སྒྱུར་གྱི་ཁ་ཕྱོགས་གསལ་སྟོན་བྱས་པ་སྟེ། “ལམ་བརྒྱུད་ས་ཆ”དེ་ཉིད“ཡུལ་སྐོར་གྱི་དམིགས་སར”བཏོད་ནས་ཡུལ་སྐོར་བ་རྣམས་ངལ་གསོ་རྒྱག་འདོད་པ་དང་སྡོད་འདོད་པ་ཞིག་ཏུ་འགྱུར་བར་བྱས་པ་དེ་རེད།

    2016ལོར་བྲག་ཆུ་གྲོང་རྡལ་དེ་ཉིད་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་གྱི་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་རྣམ་གྲངས་སུ་བཅུག་སྟེ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.7བཏང་ནས་གྲོང་རྡལ་གྱི་འགྲོ་ལམ་དང་། ཆུ་མཁོ་འདོན་དང་འབུད་གཏོང་། ནུས་པ་མང་བའི་སྤྱི་གླིང་སོགས་ཡན་ལག་རྣམ་གྲངས་8ལ་དུས་གཅིག་ཏུ་སྐུལ་འདེད་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པས། བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་བྲག་ཆུ་གྲོང་རྡལ་ལས་རིམ་བཞིན“དམིགས་སའི”རྣམ་པ་ཞིག་མངོན་འོང་།

    བྲག་ཆུའི་ཉ་ཤ་ཟ་ཁང་གི་འཕེལ་རྒྱས་ནི་ཕྱོགས་སྒྱུར་འདིའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ཞིང་། དང་ཐོག་ཟ་ཁང་ཁང་མིག་གཉིས་ལས་མེད་ཀྱང་ད་ཆ་སྒོ་ར་ཡང་ཡོད་ཅིང་། ཉ་ཤ་ཟ་ཁང་ལ་ལོར་ཁེ་བཟང་སྒོར་ཁྲི་40ཙམ་ཡོང་གི་ཡོད། “བྲག་ཆུའི་ཉ”ནི་ཡུལ་དེའི་ཁྱད་ལྡན་གྱི་བཟའ་འཐུང་གི་མིང་བྱང་ལྟ་བུར་གྱུར་ནས་ཉེ་རྒྱང་གང་སར་གནས་པའི་མི་རྣམས་བྲོ་བ་མྱོང་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། “ད་ལོའི་གུང་གསེང་རིང་བའི་སྒང་ལ‘དགུན་དུས་བོད་ལ་ཡུལ་སྐོར་བྱེད་པའི’སྲིད་ཇུས་ཡོད་པས་ང་ཚོས་སྒོ་ཉིན་གཅིག་ཀྱང་བརྒྱབ་མེད”ཅེས་སྦྱིན་བདག་ཀྲང་ཅན་ལན་གྱིས་དེ་ལྟར་བཤད།

    བྲག་ཆུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་ཆོས་འཕེལ་གྱིས“ང་ཚོས་བྲག་གསུམ་མཚོའི་རྒྱུད་ཀྱི་ཡུལ་སྐོར་གསར་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ་གནམ་གསལ་གྲོང་ཚོ་མཛེས་ལྗོངས་ཁུལ་གྱི་ཁྱབ་འགྱེད་ཁུལ་དུ་འཇུག་ཐུབ་པའི་བརྩོན་ལེན་བྱས་ནས་མི་སེར་ལ‘ཡུལ་སྐོར་གྱི་ཡོང་འབབ’བརྟན་པོ་རག་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    འཕོ་འགྱུར་གསུམ་པོ་དེའི་ནང་ལམ་བུར་བརྟེན་ནས་དར་རྒྱས་ཕྱིན་པའི་གནམ་གསལ་གྲོང་ཚོའི་ཡུལ་མིས་རང་ཉིད་ལ་དབང་བའི་ལམ་བུ་ཞིག་བཏོད་ཡོད། འཕོ་འགྱུར་རེ་རེ་ནི་ཐོན་ལས་རབས་བརྗེ་རིམ་སྤོར་བྱས་པ་དང་འདུ་ཤེས་ལ་འགྱུར་བ་བཏང་བ་ལས་བྱུང་བ་ཞིག་རེད། དུས་རབས་ཀྱི་འགྲོས་དང་བསྟུན་ནས་གནམ་གསལ་གྲོང་ཚོ་དབུལ་ཕོངས་ནས་དར་རྒྱས་ཕྱོགས་སུ་བསྐྱོད་པ་དེ་ནི་ས་མཐོའི་གྲོང་ཚོ་མང་པོས་འབད་འབུངས་མདུན་སྐྱོད་བྱས་པའི་བསྡུས་རིས་ཤིག་ཀྱང་ཅི་ལ་མིན།

    ཕྱུག་འགྱུར་གྱི་ལམ་བུ་ཡངས། འཕེལ་རྒྱས་ཀྱི་གོམ་སྟབས་བརྟན།

    གསར་འགོད་པའི་ཟིན་བཀོད།

    མི་རྣམས་ཀྱིས་སྐད་གྲགས་ཆེ་བའི་གྲོང་ཚོ་འདིའི་འཕེལ་རྒྱས་ལོ་རྒྱུས་ཤོད་འགོ་འཛུགས་སྐབས། དྲན་པའི་ངོས་སུ་འགོག་ཐབས་མེད་པར་འཆར་བ་ནི“ལམ”རེད།

    གནམ་གསལ་གྲོང་ཚོར་བྱུང་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་རེ་རེ་ནི“ལམ”དང་ཁ་འབྲལ་ཐབས་མེད། རྒྱལ་ལམ་318དང་ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་དོན་དངོས་ཐོག་རང་བྱུང་འོབས་ཆེན་བདེ་ལམ་དུ་སྒྱུར་བ་ཞིག་ཡིན་ཞིང་། དེ་ལས་འགྲུལ་རྒྱུན་དང་ཟོག་འགྲུལ་མང་དུ་ཕྱིན་པ་མ་ཟད། མི་སེམས་གཅིག་མཐུན་དང་འདུ་ཤེས་གསར་བརྗེས་ཀྱང་ཐུབ་ཡོད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱིས་འཕེལ་རྒྱས་དང་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་དེ་བས་བཏོད་པ་དང་། མི་ཚེའི་བཀྲག་མདངས་འཚེར་བ་དང་ཕུགས་བསམ་མངོན་དུ་འགྱུར་བའི་གོ་སྐབས་སྦྱིན་ཡོད།

    ད་ཆའི་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་བ་གནམ་གསལ་གྲོང་ཚོ་ཙམ་མིན་ཞིང་། 2019ལོར་བོད་འདི་ཉིད་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་གནས་ལས་བསྒྲལ་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དེ་བས་མང་བའི་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་། 2025ལོར་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་23184ཟིན་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉིང་ཁྲིའི་ཀ་ལའི“ཁམ་བུའི་མེ་ཏོག་གྲོང་ཚོ”ཉེ་རིང་གང་སར་སྐད་གྲགས་ཆོད་པ་དང་། གཞིས་རྩེ་པ་སྣམ་རྫོང་གི་སྔོ་ཚལ་དྲོད་ཁང་ཆེ་མོ་ཡུག་གཅིག་ཏུ་སྦྲེལ་ནས་གཞི་ཁྱོན་ཆེ་རུ་ཕྱིན་པ། ལྷོ་ཁའི་གྲ་ནང་གི་དེང་རབས་ཞིང་ལས་ཐོན་ལས་གླིང་གསར་དུ་བསྐྲུན་པ་ལ་སོགས་ས་མཐོའི་གྲོང་ཚོ་མང་པོ་ཞིག་རང་རང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ཕྱུག་འགྱུར་ལམ་བུར་བསྐྱོད་དེ། བོད་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་བཏོད་ཡོད།

    བོད་ལྗོངས་ཉིན་རེའི་ཚགས་པརབཏོན་ནས་ལོ་ངོ་70འཁོར་བའི་བཅར་འདྲི་ཚོགས་ཆུང་གིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།