ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།
མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་གནང་བ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ད་ལོ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ལ་དམིགས་པ་དང་སྔོན་ལ་བཀོད་སྒྲིག་གནང་བ་དང་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྱང་སྔོན་ལ་ཤུགས་འདོན་དང་ཕྱོགས་བསྡུས་ཇུས་བསྟར་བྱས་པར་བརྟེན་རང་རྒྱལ་གྱི་དཔལ་འབྱོར་གྱི་གོམ་སྟབས་བརྟན་པ་དང་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ལེགས་པ་ཡོད་པ་དེ་ལས་མཉེན་ཤུགས་དང་གསོན་ཤུགས་ཆེན་པོ་མངོན་ཡོད། དེ་དང་ཆབས་ཅིག དཀའ་ངལ་དང་འགྲན་སློང་ཁག་གཅིག་ཀྱང་འཕྲད་ཡོད་པས་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་ད་དུང་སྔར་བས་བརྟན་དུ་གཏོང་དགོས། གདེང་ཚོད་ཆེ་རུ་བཏང་སྟེ་དེ་བས་ནུས་ལྡན་དང་དེ་བས་ཏན་ཏིག་གི་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་འཛུགས་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་དེ་བས་ལེགས་པར་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ། ཚན་རྩལ་རང་ཚུགས་རང་དར་དང་ཐོན་ལས་འཁོར་འབྲེལ་གྱི་རང་རྟེན་ཚོད་འཛིན་ལ་སྐུལ་འདེད་གཏོང་བ། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་གནད་སྨིན་བྱེད་པ། ནང་མཁོ་མུ་མཐུད་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ལེགས་སུ་གཏོང་བ། འཕར་འབོར་ལེགས་གཏོང་དང་གསོག་ཐེབས་ཕན་སྒྱུར་བྱེད་པ། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཁྲོམ་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་གཏོང་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་དེ་བས་སྟོབས་ཆེར་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལེགས་སུ་གཏོང་བ་བཅས་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གཞི་ཆེའི་སྲིད་ཇུས་ཡག་པོ་སྤྱོད་དགོས། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་བཏང་ནས་གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་དུ་གཏོང་དགོས། དངུལ་ལོར་སྲིད་ཇུས་ཀྱི་རྒྱང་ལྟའི་རང་བཞིན་དང་། སྟབས་བསྟུན་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་བཏང་ནས་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ལུགས་མཐུན་དོ་སྙོམས་ཀྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་ཁ་ཕྱོགས་གཅིག་མཐུན་རང་བཞིན་གྱི་དཔྱད་དཔོག་ལས་དོན་ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག་བསྟན་དོན། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་དགོས། སྤུས་ལེགས་ཚོང་ཟོག་དང་ཞབས་ཞུ་མཁོ་འདོན་བྱེད་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་དགོས། ཆུ་དྲ་དང་། གློག་དྲ་གསར་པ། རྩིས་ནུས་དྲ་བ། འཕྲིན་གཏོང་དྲ་བ་རབས་གསར་པ། གྲོང་ཁྱེར་གྱི་ས་འོག་སྦུག་དྲ། ཟོག་འགྲུལ་དྲ་བ་སོགས་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཆ་རྐྱེན་འཛོམས་པའི་གཙོ་གནད་ལས་གྲྭའི་རྣམ་གྲངས་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཡོངས་གཅིག་གྱུར་ཁྲོམ་ར་ཆེན་པོ་སྐྲུན་པར་སྐུལ་འདེད་གཏིང་ཟབ་བཏང་ནས“ནང་སྒྲིལ་རྣམ་པའི”འགྲན་རྩོད་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། “མི་ཐབས་རིག་ནུས+”བྱ་སྤྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་འཕེལ་རྒྱས་བཏང་སྟེ་མི་ཐབས་རིག་ནུས་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས། ཕྱི་རོལ་གྱི་རྡབ་རྡེག་དང་འགྲན་སློང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁ་གཏད་གཅོག་པ་དང་ནུས་རྒྱུ་དང་ཐོན་ཁུངས་ཀྱི་བདེ་འཇགས་འགན་ལེན་ཆུ་ཚད་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་གཏན་འཁེལ་མེད་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས།
ཚོགས་འདུའི་ཐོག་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་བརྟན་པོ་ཡོང་བ་བྱས་ནས་གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་བརྒྱུད་རིམ་ལྡན་པའི་ངང་བསལ་ནས་ཁེ་ལས་ལ་ཆད་པའི་དངུལ་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་མ་རྩའི་ཁྲོམ་རའི་གདེང་ཚོད་བརྟན་དུ་དང་ཆེ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལས་ཞུགས་སྔོན་འཇོག་གི་སྲིད་ཇུས་ཕྱོགས་སྟོན་ལ་ཤུགས་སྣོན་བརྒྱབ་ནས་སློབ་གསོ་དང་། སྨན་བཅོས། བཅོལ་གསོ་སོགས་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ནས་ཕག་པ་གསོ་ཚགས་སོགས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་བརྟན་པོ་ཡོང་བ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་ཆགས་པའི་གནད་དོན་མི་ཐོན་པ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་། གེགས་འགོག་དང་གནོད་འཚེ་ཉུང་གཏོང་། བཟའ་བཅའ་དང་སྨན་རྫས་བདེ་འཇགས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།