དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ལེགས་ཆའི་ནགས་རྩྭའི་ཐོན་ལས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-04-29

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར“སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི”བརྗོད་དོན་གཙོ་བོའི་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཆེད་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྤུས་ཚད་མཐོར་གཏོང་དང་། ལས་དར། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་གཙོ་རྒོལ་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ཏེ་འདྲེ་ཚེར་མ་དང་། གླ་ཚེར། དབྱར་རྩྭ་དགུན་འབུ། སྟར་བུ་སོགས་མཚོ་སྔོན་ས་མཐོའི་ཁྱད་ལྡན་ལེགས་ཆའི་ནགས་རྩྭའི་ཐོན་ལས་ཁག་གཅིག་ནུས་ཤུགས་ཡོད་རྒུས་བཏོད་པ་རེད།

    ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པའི་ཐད། རྩེ་རིམ་ཇུས་འགོད་ལེགས་སུ་གཏོང་བ་དང་། ཚད་ལྡན་ཅན་གྱི་རྟེན་གཞི་སྐྲུན་པ། ཁུལ་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཏོད་པ། ལམ་ལུགས་ཀྱི་འགན་སྲུང་འཐུས་སྒོ་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་ལས་དཔེ་སྟོན་སོགས་ཀྱི་བྱེད་ཐབས་སྤྱད་པས་ཐོན་ལས་རུབ་འདུས་ཀྱི་ཕན་འབྲས་རགས་ཙམ་མངོན་པ་དང་། ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་30ལྷག་ཙམ་གསར་སྤེལ་ལེགས་གྲུབ་བྱུང་བ། འདྲེ་ཚེར་མའི་ཐོན་ལས་རྒྱལ་ཡོངས་ཀྱི་ལས་རིགས་དེའི་འཕེལ་རྒྱས་ཀྱི་མདུན་གྲལ་དུ་སླེབས་པ། རྒྱལ་ཡོངས་ཀྱི་སྐྱེ་ལྡན་འདྲེ་ཚེར་མའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་བསྐྲུན་པ། རྫོང(ཆུས)8དུ་ཚད་ལྡན་ཅན་གྱི་སྟར་བུ་འཐུ་བའི་རྟེན་གཞི་དང་དཔེ་སྟོན་རྫོང་བཀོད་སྒྲིག་བྱས་པ། ལོ་གསུམ་གྱི་སྟར་བུ་འགག་སྒྲོལ་བྱ་སྤྱོད་ཀྱི་ཇུས་གཞི་དང་སྤུས་ཚད་མཐོ་བའི་བེད་སྤྱོད་ཀྱི་མཛུབ་ཁྲིད་བསམ་འཆར་བཟོས་པ། ལག་རྩལ་གྱི་གཏན་རིམ་དང་། རྒྱབ་ཤ་དཀར་པོའི་དེབ། དབྱེ་འབྱེད་ཕྱོགས་སྟོན་སོགས་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཡོངས་བསྒྲགས་བྱས་པ་བཅས་རེད།

    སྲིད་ཇུས་ཀྱི་འགན་སྲུང་དང་མ་དངུལ་གྱི་རྒྱབ་སྐྱོར་ཐད། མཉམ་སྡེབ་ནགས་དབང་ལམ་ལུགས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་གྲ་སྒྲིག་ལས་དོན་དང་། རྒྱལ་ཁབ་སྤྱི་གླིང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ལམ་ལུགས་འཚོལ་ཞིབ། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྩྭ་ཐང་གི་ཐཱན་འདུས་ཚོད་ལྟའི་འཛུགས་སྐྲུན་སོགས་ནགས་རྩྭའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལས་འགན་གཙོ་གནད་ཐོག་ལེགས་སྒྲུབ་བྱས་པ་རེད། གཞན་ཡང་། 2025ལོར་ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གྱི་ལག་བསྟར་ཁ་གསབ་རིགས་དང་གསར་སྐྲུན་རིགས་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ཏེ་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ནགས་རྩྭའི་ཐོན་ལས་ལ་རོགས་སྐྱོར་བྱེད་པ་དེ“0ནས་1”བར་ཚད་བརྒལ་བྱུང་བ་རེད།

    ནགས་རྩྭ་གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བའི་ཐད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྔ་སྣུར་ནས་རང་འགུལ་ངང་ཞབས་འདེགས་ཞུས་ཏེ་ལས་རིགས་ཀྱི་དོ་དམ་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞབས་ཞུའི་ལམ་སྲོལ་ལེགས་སུ་གཏོང་བ། ཁེ་ལས་ཀྱི་ཁྲོམ་རའི་སྦྲེལ་མཐུད་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ནགས་རྩྭ་གཉེར་སྐྱོང་བྱེད་པོར་ཁྲོམ་ར་རྒྱ་སྐྱེད་དང་ཐོན་རྫས་ཕྱིར་ཚོང་གི་ཐབས་ལམ་ཡངས་སུ་གཏོང་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།