སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས“འཛམ་གླིང་འདར་ནད་འགོག་བཅོས་ཉིན་མོར”འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཁ་ར་ནས་གློག་འཕྲིན་འབྱོར་གསལ། ཧྥུ་རི་ཐོན་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཟླ་4ཚེས་25ཉིན་ནི“འཛམ་གླིང་འདར་ནད་འགོག་བཅོས་ཉིན་མོ”ཡིན་ཞིང་། སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པས་ཉིན་དེར་རྒྱལ་ས་ཧྥུ་རི་ཐོན་གྱི་སྡེ་ཁུལ་ཞིག་ཏུ་འོས་འགན་སྨན་བཅོས་བྱེད་སྒོ་ཆེ་གྲས་སྤེལ་བ་དང་རིམ་རྩིས་བརྒྱབ་ན་མི་ཐེངས་300ཙམ་ལ་སྨན་བཅོས་བྱས་པ་རེད།
སྨན་བཅོས་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་དེ་གའི་འདར་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོ་ཡོད་པས་ད་ཐེངས་ཀྱི་འོས་འགན་སྨན་བཅོས་ཀྱི་དམིགས་ཡུལ་ནི་འདར་ནད་ལ་ཆེད་དོན་གྲལ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་གཏོང་རྒྱུ་དེ་རེད། ཆུ་ཚོད་གསུམ་དང་ཕྱེད་ཀ་ཙམ་རིང་གྲལ་བཤེར་བྱས་པ་བརྒྱུད་འདར་ནད་ཕོག་པའི་ནད་པ་10ལྷག་ཙམ་གཏན་འཁེལ་བྱུང་ཡོད། སྨན་བཅོས་རུ་ཁག་གིས་ད་དུང་སྨན་བཅོས་བྱ་རྒྱུར་སྒུག་པའི་དམངས་ཚོགས་ལ་འདར་ནད་ཀྱི་ཤེས་བྱའི་ལག་དེབ་སྤྲད་པ་མ་ཟད། དུག་སྦྲང་སྐྱེ་འཕེལ་ཁུལ་དབྱེ་འབྱེད་བྱེད་སྟངས་དང་དེ་བཞིན་ཚན་རིག་དང་མཐུན་པའི་སྦྲང་བུ་འགོག་ཡོལ་རྒྱག་སྟངས་སོགས་ཀྱི་འགོག་སྲུང་རྒྱུན་ཤེས་བསླབས་པ་རེད།
སྨན་བཅོས་རུ་ཁག་གི་རིག་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་ད་དུང་སྡེ་ཁུལ་གྱི་གྲོང་མིའི་རྒྱུན་མཐོང་གི་ཁྲག་ཤེད་མཐོ་བ་དང་། གཅོང་ནད་སྣ་ཚོགས། ཐོན་མང་བའི་ནད་བཅས་ལ་དམིགས་ནས་སྨན་བཅོས་ཞིབ་ཚགས་བྱས་པ་དང་། ས་གནས་ས་ཐོག་ཏུ་འདར་ནད་འགོག་སྨན་དང་། ཁྲག་ཤེད་གཅོག་པའི་སྨན། ཟུག་འཇོམས་སྨན་སོགས་དགོས་མཁོ་ཆེ་བའི་སྨན་རྫས་སྣ་ཚོགས་བརྒྱ་ལྷག་ཙམ་སྤྲད་པ་རེད།
སི་ར་ལ་ཨོང་ལ་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པ་ཧུའུ་ནན་ཞིང་ཆེན་ནས་ཡིན་པ་དང་འདི་ལོའི་ཟླ་3པར་སི་ར་ལ་ཨོང་དུ་འབྱོར་བ་རེད།
འབྲེལ་ཡོད་གསར་འགྱུར།