དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་རྒྱལ་གྱི་སྲིད་ཏང་གི་འགོ་ཁྲིད་པ་དང་། རིག་མཛོད་ཀྱི་མཁས་དབང་། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སོགས་ཧྲེན་ཀྲེན་དུ་བསྐྱོད་པ།

    ཚན་རྩལ་གསར་གཏོད་ཀྱི་མཐོ་ས། འཛམ་གླིང་མཉམ་ལས་ཀྱི་ལས་སྟེགས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀུང་མིང་། ཀོན་ཧའོ་ཡུས།   |     སྤེལ་དུས།  2026-04-29

    ཟླ་4ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་དང་ཀྲུང་གུང་ཀོང་ཏུང་ཞིང་ཨུད་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“ཀྲུང་གོ་གུང་ཁྲན་ཏང་གི་གཏམ་རྒྱུད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་ལག་ལེན་བསྟར་བའི”སྐོར་གྱི་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་ཤིང་། རྒྱལ་ཁབ་40ལྷག་ཙམ་ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་དང་། རིག་མཛོད་ཀྱི་མཁས་དབང་། བཟོ་ཚོང་ལས་རིགས་ཀྱི་འཐུས་མི་སོགས་མི་160ལྷག་ཙམ་ཚོགས་འདུར་ཞུགས་ནས་ཧྲེན་ཀྲེན་གྱི་ས་ཆ་མང་པོར་སྔ་རྗེས་སུ་བསྐྱོད་དེ། ཁུག་ཆེན་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མྱོང་ཚོར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛམ་གླིང་གི་དོན་སྙིང་ལ་མྱོང་ཚོར་བྱས་པ་རེད།

    ཟླ་4པར། ཧྲེན་ཀྲེན་དུ་མེ་ཏོག་རབ་ཏུ་བཞད་པ་དང་སྔོ་ལྗང་ལྗོན་ཤིང་གིས་ཁེངས་ཡོད། “ཀྲུང་གོའི་གྲོང་ཁྱེར་ནང་དུ་སྔོ་འགྱུར་རྒྱ་ཁྱོན་ཆེན་པོ་ཡོད་པ་མ་ཟད། ནགས་ཚལ་དང་འདམ་རར་སྲུང་སྐྱོང་འོས་འཚམ་ཡང་བྱུང་བ་དེ་ཐོག་ནས་ཀྲུང་གོ་སྲིད་གཞུང་གིས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཆེད་འབད་བརྩོན་བྱས་པ་མཚོན་གྱི་འདུག དེ་དག་ཚང་མ་ནི་ཁོ་མོ་རོ་ཡིས་དཔྱད་གཞིར་འཛིན་འོས་པ་དང་སློབ་སྦྱོང་བྱེད་རིན་ཆེ་བ་ཤ་སྟག་རེད”ཅེས་ཁོ་མོ་རོ་བསྐྱར་དར་སྤྱི་ཆིངས་ཏང་ཨང་རུའུ་ཨང་གླིང་ཕྲན་ལག་བསྟར་ཧྲུའུ་ཅི་དང་བསྐྱར་དར་སྤྱི་ཆིངས་ཏང་གི་ལས་བྱེད་རྟོག་ཞིབ་ཚོགས་པའི་ཚོགས་གཙོ་ལཱ་སི་ཐ་སྨི་ཡིས་གསར་འགོད་པར་བརྗོད་པ་རེད།

    ཧོ་ཐོ་ཧྲེན་ཀང་ཚན་རྩལ་གསར་གཏོད་མཉམ་ལས་ཁུལ་ནས་ཁུག་ཆེན་ཁུལ་གྲོང་གཉིས་ཚན་རྩལ་གསར་གཏོད་མཉམ་ལས་ཀྱི་གསར་གཏོད་བྱེད་ཐབས་མྱོང་ཚོར་ཐུབ་པ་དང་། ཧྭ་ཝེ་དང་ཐེང་ཤུན་ནས་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱི་གྲུབ་འབྲས་གསར་ཤོས་དང་བཀོལ་སྤྱོད་རྒྱུས་མངའ་བྱུང་བ། ཚོགས་རའི་ཕྱི་རོལ་ནས་བྱེད་ནུས་སྣ་ཚོགས་བཀོལ་སྤྱོད་ཐུབ་པའི་འཕྲུལ་མི་ཐག་ཉེ་པོར་བཀོལ་སྤྱོད་བྱུང་བ་སོགས། ཁུག་ཆེན་ཁུལ་གྱི་ཚན་རྩལ་གསར་གཏོད་དང་རིག་ནུས་བཟོ་སྐྲུན་གྱི་གསོན་ཤུགས་ཆེ་བར་ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བསྟོད་བསྔགས་ཡང་ཡང་བཏང་བ་རེད།

    “ཀང་ཀྲུའུ་ཨའོ་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་རྗེས་ཁུག་ཆེན་ཁུལ་གྱི‘ཆུ་ཚོད་གཅིག་གི་འཚོ་བའི་འཁོར་རྒྱ’དོན་དངོས་སུ་གྱུར་པ”དང“ཁུག་ཆེན་ཁུལ་གྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་བར་བརྟེན་ང་ཚོའི་ཐོན་ལས་དེ་བས་བརྟན་པོ་དང་དེ་བས་གནད་འཁེལ་བྱུང་སོང”ཞེས་སོགས། ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུའི་ཐོག་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་ནས་ཡོང་བའི་ལས་རིགས་མི་འདྲ་བའི་གཞི་རིམ་གྱི་འཐུས་མིས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་སྐོར་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་པ་དང་ཀྲུང་ཕྱིའི་དཔོན་རིགས་དང་། མཁས་དབང་། ཁེ་ལས་ལས་རིགས་ཀྱི་འཐུས་མི་བཅས་ཀྱིས“གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་འཛམ་གླིང”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་གླེང་མོལ་བྱས་པ་རེད།

    བྷང་ག་ལའི་ཙུང་ལིའི་དམིགས་བསལ་བློ་འདོན་པ་དང་མི་རིགས་རིང་ལུགས་ཏང་གི་ཀྲུའུ་ཞིའི་བློ་འདོན་པ་དབྱི་སི་མེར·ཀྲ་པི་ཧུའུ་ལཱ་ཡིས་ཆེད་དོན་དྲིལ་བསྒྲགས་ངོ་སྤྲོད་ཚོགས་འདུའི་ཐོག་རྒྱལ་ཁབ་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་གྲོས་གཞི་གལ་ཆེན་དེར་ཚང་མས་བསམ་གཞིགས་བྱས་འདུག་ཅེས་དང“གཡོད་ཀོང་ཨའོ་ཁུག་ཆེན་ཁུལ་གྱི་ལག་ལེན་ལས་སྲིད་ཇུས་གསར་གཏོད་དང་ཡུན་རིང་འཆར་འགོད་དོན་འཁྱོལ་བྱེད་པར་སྣང་ཆེན་བྱས་ཚེ་དཔལ་འབྱོར་ཡར་ཐོན་ལ་སྐུལ་འདེད་གཏོང་ཐུབ་པ་ར་སྤྲོད་ཐུབ་ཡོད”ཅེས་བརྗོད་པ་རེད།

    “ཀྲུང་གོས་ཚན་རྩལ་གྱི་གྲུབ་འབྲས་གསར་པ་ཁྱབ་ཁོངས་ཁག་ཏུ་མགྱོགས་མྱུར་སྤྱོད་བཞིན་ཡོད” མོལ་དོ་ཝའི་དབྱི་ཡོན་གྲོས་མི་དང་། འཕེལ་རྒྱས་དང་མཐུན་སྒྲིལ་ཏང་གི་ཀྲུའུ་ཞི། ཙུང་ལི་ཟུར་པ་བཅས་ཡིན་པའི་དབྱང་·ཅི་ཁུའུ་ཡིས་ཀྲུང་གོ་སྲིད་གཞུང་གིས་སློབ་གསོ་དང་ཚན་ཞིབ་ལ་མ་དངུལ་གཏོང་བར་མཐོང་ཆེན་བྱེད་ཀྱི་འདུག ཚན་རྩལ་གྱི་གྲུབ་འབྲས་དེ་དག་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་ཕན་ནུས་རང་བཞིན་ར་སྤྲོད་ཐུབ་ཀྱི་འདུག་ཅེས་དང་། “ཀྲུང་གོ་གུང་ཁྲན་ཏང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པ་ལས་ཀྲུང་གོ་འཕེལ་རྒྱས་ཇེ་ཆེར་འགྲོ་བཞིན་ཡོད། མོལ་དོ་ཝ་ཡིས་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་འགྲོ་ལམ་འཚོལ་ཞིབ་བྱེད་བཞིན་ཡོད། ཀྲུང་གོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་ཧྲེན་ཀྲེན་དམིགས་བསལ་ཁུལ་བཙུགས་པ་སོགས་ཀྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཆེན་པོ་འདུག”ཅེས་གསར་འགོད་པར་བརྗོད་པ་རེད།

    རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་0.6%ཡང་མ་ཟིན་པའི་གཡོད་ཀོང་ཨའོ་ཁུག་ཆེན་ཁུལ་གྱིས་རྒྱལ་ཡོངས་དཔལ་འབྱོར་བསྡོམས་འབོར་གྱི་དགུ་ཆ་གཅིག་བཏོད་ཡོད། དེ་ནི་ཀྲུང་གོའི་སྒོ་མོ་འབྱེད་ཚད་མཐོ་ཤོས་དང་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། ཚོགས་འདུར་ཞུགས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་གཡོད་ཀོང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོ་དང་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་འཕེལ་རྒྱས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།

    ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་ཁུག་ཆེན་ཁུལ་གྱི་གྲོང་ཁྱེར་དང་ཨ་ཧྥེ་རི་ཁའི་དབར་གྱི་དཔལ་འབྱོར་ཚོང་དོན་འབྲེལ་བ་ཟབ་ཏུ་ཕྱིན་ནས་ཀྲུང་ཧྥེའི་དཔལ་འབྱོར་ཚོང་དོན་ཁུག་ཆེན་ཁུལ་གྱི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ན་ནིང་གི་ཟླ་10པར་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ཨའོ་ནུའུ་ན་དབྱི་ཀྲུའུ་ཡིས་ད་ལོ་ནི་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་ནི་ཀྲུང་གོ་རང་ཉིད་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། འཛམ་གླིང་ལའང་གོ་སྐབས་དེ་བས་མང་པོ་ཐོབ་རྒྱུ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ཏེ། ཐོན་ལས་གྲུབ་ཆ་སྣ་མང་ཅན་ལ་སྐུལ་འདེད་དང་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསར་འགོད་པར་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།