དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་སོགས་ཀྱིས་དྲ་རྒྱའི་རྒྱུ་ནོར་བདག་གཉེར་སློབ་ཚན་གྱི་མགོ་སྐོར་བསླུ་བྲིད་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    “རིན་མེད་ཉམས་ལེན”དང“ཁེ་བཟང་ཆེན་པོ་སྤྲོད”ཅེས་པར་གཡོ་ཐབས་མང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཆི་ཀྲི་མིང་།   |     སྤེལ་དུས།  2026-04-29

    ཉེ་དུས། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་འཛད་སྤྱོད་མཐུན་ཚོགས་ཀྱི་རིག་ལྡན་315ལས་སྟེགས་བརྒྱུད་འཛད་སྤྱོད་པས་བརྒྱབ་པའི་ཞུ་གཏུག་གྲངས་གཞིར་དབྱེ་ཞིབ་བྱེད་སྐབས། དྲ་རྒྱའི་རྒྱུ་ནོར་བདག་གཉེར་སློབ་ཚན་དང་འབྲེལ་བའི་འཛད་སྤྱོད་ཞུ་གཏུག་རྒྱག་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་ཤེས་རྟོགས་བྱུང་ཡོད། 2020ལོ་ནས་2025ལོའི་བར། འབྲེལ་ཡོད་ཀྱི་རྩོད་གཞིའི་གྲངས་འབོར་རྒྱུན་མཐུད་འཕར་བ་དང་། 2025ལོའི་ཟླ10པ་ཚུན་ཞུ་གཏུག་གི་ལས་ཀའི་འཛིན་ཡིག་སྔར་བས་མང་དུ་ཕྱིན་ཡོད། ཞུ་གཏུག་བརྒྱབ་པ་ལས་གཙོ་བོ་གསོ་སྦྱོང་སྒྲིག་གཞི་ཁག་གཅིག་གིས་རིན་ཁེའི་ཉམས་ལེན་གྱི་གཡོ་ཐབས་ལ་བརྟེན་ནས་དངུལ་སྤྲོད་དུ་འཇུག་པ་དང་། དྲིལ་བསྒྲགས་ཀྱི་ནང་དོན་དང་དངོས་ཡོད་ཀྱི་ཞབས་ཞུ་གཅིག་པ་གཏན་ནས་མིན་པ། གྲོན་དངུལ་ཕྱིར་སློག་བྱེད་ལམ་ཤར་གཏོང་མེད་པ་སོགས་ཀྱི་གནད་དོན་མངོན་པ་མ་ཟད། རྒན་རྒོན་འཛད་སྤྱོད་པར་འགོག་རྐྱེན་དེ་རིགས་འཕྲད་ཚུལ་དེ་བས་མངོན་གསལ་དོད་པོ་ཡོད། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་དུས་ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་དང་ཀྲུང་གོ་ཁྲོམ་ར་ལྟ་འདོམས་ལྷན་ཚོགས་ཀྱིས་ཆེད་མངགས་གཤམ་གསལ་གྱི་འཛད་སྤྱོད་དྲན་སྐུལ་ཡོངས་བསྒྲགས་བྱས་པ་རེད།

    —— རྒྱུན་མཐོང་གི་ཚོང་གཉེར་གཡོ་ཇུས་གསལ་པོ་ཤེས་པར་བྱས་ཏེ་ཁས་ལེན་རྫུན་མ་བྱས་ནས་དངུལ་སྤྲོད་དུ་འཇུག་པར་དོགས་ཟོན་བྱེད་དགོས།

    ཞུ་གཏུག་དང་འབྲེལ་བའི་སྒྲིག་གཞིས་བརྙན་ཐུང་ལས་སྟེགས་དང་། འབྲེལ་ལམ་མཉེན་ཆས། ཐད་གཏོང་ཐབས་ལམ་སོགས་བརྒྱུད་བརྡ་ཁྱབ་གཏོང་བ་དང་། “རིན་མེད་སློབ་སྦྱོང”དང་། “སྒོར་གཅིག་གིས་ཉམས་ལེན” “དུས་བཀག་དམིགས་བསལ་གཟིགས་སྐྱོང”སོགས་ཀྱི་གཡོ་ཐབས་ལ་བརྟེན་ནས་འཛད་སྤྱོད་པའི་ཡིད་དབང་བཀུག་ཡོད། འཛད་སྤྱོད་པའི་འབྲེལ་གཏུག་བྱེད་སྟངས་རག་རྗེས་བྲིན་འཚོང་བས་ཚོགས་པའི་ནང་བཅུག་ནས་སློབ་ཚན་ཉན་དུ་འཇུག་པ་དང་། “རྒྱུ་ནོར་བདག་གཉེར་གྱི་དཔེ་གཞི”ཞེས་པའི་འཕྲིན་ཐུང་བསྐུར་བ་སོགས་བརྒྱུད་རིམ་གྱིས་འཛད་སྤྱོད་པའི་ཡིད་ཆེས་ཐོབ་ཐབས་བྱས་པ་དང་། དེ་རྗེས“མ་ཤེས་ཚེ་རིན་མེད་ངང་བསྐྱར་དུ་སྦྱོང་ཆོག་པ”དང“གཱ་ཐོ་བཀོད་ན་དངུལ་གྲངས་ཚང་ཕྱིར་སློག་བྱེད་པ”སོགས་ཀྱི་བསླུ་བྲིད་ཐབས་ལམ་ལ་བརྟེན་ཏེ་སྒོར་ཆིག་སྟོང་ནས་སྒོར་ཁྲི་ཡན་གྱི་སློབ་ཡོན་སྤྲོད་དུ་འཇུག་གི་ཡོད།

    ཞུ་གཏུག་བརྒྱབ་ཚུལ་ནས་བལྟས་ཚེ། འཛད་སྤྱོད་པས་དངུལ་སྤྲད་རྗེས་རག་པའི་སློབ་ཚན་གྱི་ནང་དོན་མང་ཆེ་བ་ནི་དྲ་རྒྱའི་ཐོག་ཡོངས་བསྒྲགས་དང་བཤེར་ཐུབ་པའི་རྨང་གཞིའི་ཤེས་བྱའི་གཅེས་བཏུས་ཤ་སྟག་ཡིན་པས། དྲིལ་བསྒྲགས་བྱེད་རིང་ཁས་བླངས་པའི“དངོས་འཐབ་ལག་རྩལ”དང“ཡོང་འབབ་མཐོ་པོ་རག་ཐབས”དང་ཧེ་བག་ཆེན་པོ་ཡོད་པ་རེད།

    —— རྒན་རྒོན་འཛད་སྤྱོད་པས་ཡིན་གཅིག་དོགས་ཟོན་བྱས་ནས་མགོ་སྐོར་བསླུ་བྲིད་འོག་མི་ཚུད་པ་བྱེད་དགོས།

    གྲངས་གཞིར་དབྱེ་ཞིབ་བྱས་པ་ལས་མངོན་པར། དྲ་རྒྱའི་རྒྱུ་ནོར་བདག་གཉེར་སློབ་ཚན་ལ་ཞུ་གཏུག་རྒྱག་མཁན་འཛད་སྤྱོད་པའི་ཁྲོད་རྒན་རྒོན་གྱིས་བཟུང་བའི་བསྡུར་ཚད་མངོན་གསལ་དོད་པོ་ཡོད། རྒན་རྒོན་འཛད་སྤྱོད་པ་མི་ཉུང་བ་ཞིག་ལ་ཆ་འཕྲིན་རག་པའི་ཐབས་ལམ་མང་པོ་མེད་པ་དང་དངུལ་རྩའི་ཤེས་བྱར་རྒྱུས་མངའ་དེ་ཙམ་ཆེན་པོ་མེད་པས། “གནས་ཐང་སྲུང་འཕར”དང“བུ་ཕྲུག་གི་ཁུར་པོ་ཡང་གཏོང”སོགས་ཀྱི་གཡོ་ཐབས་འོག་ཚུད་སླ་པོ་ཡོད། རྒན་རྒོན་འཛད་སྤྱོད་པས་དངུལ་གྲངས་མང་བའི་མ་འཇོག་གི་རྒྱུ་ནོར་བདག་གཉེར་ནང་ཡག་ཤོས་བྱུང་ན་མི་ཞུགས་པ་དང་ཞུགས་མི་རུང་། གལ་སྲིད་དོགས་གཞི་ཡོད་པའི་གནས་ཚུལ་འཕྲད་ཚེ་བུ་ཕྲུག་དང་ཉེ་འགྲམ་གྱི་དགའ་ཉེ་སྤུན་མཆེད་ལ་མང་ཙམ་འདྲི་བ་ལས་ལམ་སེང་ཐག་གཅོད་མི་རུང་།

    —— བདེན་དཔང་ཉར་ཚགས་དང་འཕྲལ་དུ་ཁེ་དབང་སྲུང་སྐྱོང་བྱས་ཏེ་ལུགས་དང་མི་མཐུན་པའི་གྲོན་དངུལ་ཕྱིར་སློག་གི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་མེད།

    འཛད་སྤྱོད་པས་དྲ་རྒྱའི་སློབ་ཚན་ཞབས་ཞུ་ཉོ་སྐབས་བརྡ་ཁྱབ་དྲིལ་བསྒྲགས་དྲ་ངོས་ཀྱི་བཅད་པར་དང་། ཁ་བརྡའི་ཟིན་ཐོ། དངུལ་སྤྲོད་དཔང་ཡིག སློབ་ཚན་བསྐྱར་གཏོང་སྦྲེལ་མཐུད་སོགས་དཔང་རྟགས་དཔྱད་གཞི་ཉར་རྒྱུར་དོ་སྣང་བྱེད་དགོས། གལ་སྲིད་སློབ་ཚན་གྱི་ནང་དོན་དང་དྲིལ་བསྒྲགས་བྱས་པའི་ཁས་ལེན་དབར་མི་མཐུན་པ་ཤུགས་ཆེ་བ་དང་། སྒྲིག་གཞི་དང་འབྲེལ་བ་བྱེད་མི་ཐུབ་པའམ་ཡང་ན་གྲོན་དངུལ་ཕྱིར་སློག་གི་འོས་འགན་ལག་ལེན་མི་བསྟར་བ། ཡང་ན་འཛད་སྤྱོད་པའི་ཁེ་དབང་ལ་ཚོད་འཛིན་བྱེད་པ་དང་། གཉེར་སྐྱོང་བའི་འགན་འཁྲི་མེད་པར་བཟོ་བ། ནང་དོན་དང་དོན་དངོས་མི་མཐུན་པ་བཅས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་དགོས་པའི་བླང་བྱ་བཏོན་ཚེ། འཛད་སྤྱོད་པས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་དང་ཐོག་གཉེར་སྐྱོང་བ་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པ་དང་། གྲོས་མོལ་མ་ཐུབ་རིགས་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་རིག་ལྡན་315ལས་སྟེགས་དང་། ས་གནས་ཁག་གི་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་སམ་ཡང་ན་འབྲེལ་ཡོད་སྲིད་འཛིན་གཙོ་གཉེར་སྡེ་ཚན་ལ་ཞུ་གཏུག་ཐེར་འདོན་བྱས་ཆོག་ལ། མི་དམངས་ཁྲིམས་ཁང་ལ་ཁྲིམས་བཞིན་ཞུ་གཏུག་ཀྱང་བརྒྱབ་ཆོག

    ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པ་དང་ལྷག་པར་དུ་རྒན་རྒོན་འཛད་སྤྱོད་པར་རྒྱུ་ནོར་བདག་གཉེར་གྱི་སློབ་ཚན་སྣ་ཚོགས་འཁྲིད་པའི་སྐབས། “རིན་མེད་ཉམས་ལེན”དང“ཁེ་བཟང་ཆེན་པོ་སྤྲོད”ཅེས་པར་གཡོ་ཐབས་མང་པོ་ཡོད་པ་ཤེས་པར་བྱེད་པ་ལས་ལམ་སེང་ཡིད་ཆེས་བྱེད་པ་དང་། རྨོངས་ཚོད་ཀྱིས་རྗེས་སུ་འབྲང་བ། འཕྲལ་མར་དངུལ་སྤྲོད་པ་བཅས་བྱ་རྒྱུ་མེད་ལ། གལ་ཏེ་འཛད་སྤྱོད་ཐད་རྩོད་གཞི་བྱུང་ཚེ་རང་ཉིད་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།