“ཁ་ཐོར་སྲུང་སྐྱོང”ནས“མཉམ་སྒྲུབ་མཉམ་བཅོས”ཕྱོགས་སུ་སྐྱོད་པ།
མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་དོན་རོགས་ལས་ལམ་སྲོལ་ལག་བསྟར་བྱས་པ།
ཉིན་ཤས་གོང་། མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་དོན་རོགས་ལས་ཚོགས་འདུ་ཀན་སུའུ་ཀྲང་དབྱེ་གྲོང་ཁྱེར་སུའུ་ནན་ཡུས་ཀུའུ་རིགས་རང་སྐྱོང་རྫོང་དུ་འཚོགས་ཤིང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མདོ་ལ་རིང་མོའི་ཉེ་འགྲམ་གྱི་རྫོང(གྲོང་ཁྱེར་དང་ཆུས)19ཡི་སྤྱི་བདེ་ལས་ཁུངས་ཚོགས་འདུར་ཞུགས་པ་དང་། མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་དོན་རོགས་ལས་ཁོངས་མིའི་ཚན་པས《མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་དོན་རོགས་ལས་སྒྲོམ་གཞིའི་གྲོས་མཐུན》ཐུན་མོང་ཐོག་བཞག་པ་དང་རེས་མོས་སྡོད་བྱའི་མཚོན་རྟགས་དངོས་པོ་སྤྲོད་རེས་བྱས་པ་དེ་ཐོག་ནས་མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་དོན་རོགས་ལས་ལམ་སྲོལ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།
ཉེ་བའི་ལོ་ཤས་རིང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མདོ་ལ་རིང་མོའི་ཉེ་འགྲམ་གྱི་རྫོང(གྲོང་ཁྱེར་དང་ཆུས)སྤྱི་བདེ་ལས་ཁུངས་ཀྱིས“མདོ་ལ་རིང་མོའི་སྐྱེ་ཁམས”ཉེན་དོན་གྱི“1+2+3”ལམ་སྲོལ་མ་ལག་གསར་གཏོད་བྱས་པ་དང་། རིམ་བཞིའི“སྐྱེ་ཁམས་ཉེན་རྟོག་འགོ་དཔོན”གྱི་འགན་འཁྲིའི་མ་ལག་བཙུགས་པ། “མདོ་ལ་རིང་མོ”དང་། “ཁུ་ནུ” “དུས་བདེའི་ཐང་གཤོང”སོགས་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་བཏང་ཡོད། “ཉེན་རྟོག་རུ་འབྲིང”དང་། “རྟ་དམག་ཉེན་རྟོག་རུ་ཁག” སྐྱེ་ཁམས་འོས་འགན་ཉེན་རྟོག་པའི་དཔུང་ཁག་བཅས་སྒྲིག་འཛུགས་བྱས་ཏེ། “བར་སྣང་དང་ས་ངོས”དང“སྲོལ་རྒྱུན་དང་ཚན་རྩལ”ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་སྐོར་ཞིབ་འགོག་སྲུང་མ་ལག་བསྐྲུན་ཡོད། ཁྲིམས་འགལ་ངང་གཏེར་ཁ་འདོན་པ་དང་། ནགས་ཤིང་ལྐོག་གཅོད། ཁྲིམས་འགལ་ངང་རྔོན་རྒྱག་པ་སོགས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་དམ་པོར་དམིགས་པ་དང་། ས་ཁོངས་ལས་བརྒལ་བའི་ཉེས་དོན་ཉེས་གསོག་ལ་མཉམ་དུ་རྡུང་རྡེག་གཏོང་བའི་ལམ་སྲོལ་བཙུགས་པ། མཉམ་དུ་ཁྲིམས་སྒྱུར་བྱེད་སྒོ་ཐེངས་100ལྷག་ཙམ་སྤེལ་བ། རི་སྐྱེས་སྲོག་ཆགས་140ལྷག་ཙམ་འཚོལ་སྐྱོབ་བྱས་པ་བཅས་ལས་སྐྱེ་ཁམས་དང་འབྲེལ་བའི་གྱོད་གཞི་ཐོན་ཚད་42%དམའ་རུ་ཕྱིན་ཡོད། ཞིང་ཆེན་གཉིས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་མདོ་ལ་རིང་མོའི་ཀླུ་ལུང་རི་བོར་རྐང་ཐང་མར་བསྐྱོད་པའི་ཉེན་གྱར་མི་སྣ་འཚོལ་སྐྱོབ་གནས་སྤོ་དང་སུའུ་ནན་རྫོང་གིས་ཁྲིམས་འགལ་ངང་གླ་བ་རྔོན་པའི་གྱོད་གཞི་སོགས་གྱོད་གཞི་རབ་དང་རིམ་པ་ཐག་གཅོད་བྱས་ཏེ། མཉམ་སྒྲུབ་མཉམ་བཅོས་ཀྱི་བྱ་ཐབས་སྤྱད་ནས་མདོ་ལ་རིང་མོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད།
རོགས་ལས་ལམ་སྲོལ་དངོས་སུ་ལག་ལེན་བསྟར་བ་དེས་མདོ་ལ་རིང་མོའི་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་སྲུང་སྐྱོང་དེ“ཁ་ཐོར་སྲུང་སྐྱོང”ནས“མཉམ་སྒྲུབ་མཉམ་བཅོས”ཀྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། མདོ་ལ་རིང་མོའི་སྐྱེ་ཁམས་ཉེན་རྟོག་ལས་དོན་རོགས་ལས་ཁོངས་མིའི་ཚན་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། ས་ཁོངས་ལས་བརྒལ་བའི་མཉམ་འགུལ་ཞིབ་འཇུག་བརྡར་གཅོད་དང་མཐུན་སྦྱོར་སྔོན་འགོག་ཚོད་འཛིན་གྱི་རྡུང་རྡེག་ལམ་སྲོལ་འཛུགས་པ། ཐོན་ཁུངས་སྣ་ཚོགས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ། གྲོས་མོལ་ཞིབ་འཇུག་བརྡར་གཅོད་དང་། ཉེན་རྟོག་ཁག་མཉམ་འགུལ། གཞི་རིམ་མཉམ་འགུལ་བཅས་ཀྱི་ཕྱོགས་ཡོངས་ཀྱི་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཀོད་འདོམས་དང་བཀོད་གཏོང་གཞི་གཅིག་ཏུ་མཉམ་འགུལ་དང་། གསང་འཕྲིན་ཆ་འཕྲིན་གཞི་གཅིག་ཏུ་མཐའ་གཅོད། ཉེན་ཁ་སྔོན་འགོག་ཚོད་འཛིན་གཞི་གཅིག་ཏུ་བཀོད་སྒྲིག རྡུང་རྡེག་བཅོས་སྒྲིག་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་བཀོད་པ་ཞིག་གང་མགྱོགས་ཆགས་པར་བྱས་ཡོད། “1+6+N”གི་སྐྱེ་ཁམས་ཉེན་དོན་རོགས་ལས་ཀྱི་ཐབས་ལམ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲོམ་གཞིའི་གྲོས་མཐུན་སྣེ་ཁྲིད་དུ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དྲུག་དམ་འཛིན་བྱ་གཞིར་བྱེད་པ། ཉེ་འགྲམ་མངགས་གཏོང་ཁང་གི་མཉམ་འགོག་མཉམ་འགུལ་རྨང་གཞིར་བྱེད་པ། མཉམ་སྒྲུབ་བྱེད་རྒྱ་དང་བྱེད་ཤུགས་སྣུར་སྲིང་བྱེད་པ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། ས་ཁོངས་ལས་བརྒལ་བའི་རོགས་ལས་ཀྱི་འགག་གནད་དང་དཀའ་གནད་གནད་སྨིན་སེལ་བ་བཅས་བྱས་པས། སྐྱེ་ཁམས་མཉམ་སྲུང་དང་། བདེ་འཇགས་མཉམ་སྲུང་། བདེ་འཇགས་མཉམ་འགོག གྲུབ་འབྲས་མཉམ་སྤྱོད། འཕེལ་རྒྱས་གཉིས་ཕན་བཅས་ཀྱི་རོགས་ལས་དམིགས་ཚད་དངོས་སུ་མངོན་འགྱུར་བྱུང་ནས་མདོ་ལ་རིང་མོའི་རྒྱལ་ཁབ་ནུབ་རྒྱུད་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་མཉམ་དུ་བརྟན་པོར་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།