རང་རྒྱལ་གྱིས་ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་གཏེར་རིའི་ཁེ་ལས་5500ལྷག་ཙམ་བསྐྲུན་ཟིན་པ།
གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་འཕེལ་རིམ་ཡག་པོ་བྱུང་ཞིང་། མིག་སྔར། ཞིང་ཆེན་རིམ་པ་ཡན་གྱི་ལྗང་མདོག་གཏེར་རིའི་ཁེ་ལས་5500ལྷག་ཙམ་བསྐྲུན་ཟིན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་གྱུར་ཡོད།
རང་བྱུང་ཐོན་ཁུངས་པུས་སྡེ་ཚན་6དང་མཉམ་འབྲེལ་ཐོག《ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་མ་ཟད། 《ལྗང་མདོག་གཏེར་རིའི་གདེང་འཇོག་གི་ཀུན་འཕྲོད་སྒྲིག་སྲོལ》གྱི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ཁག་9ཁྱབ་བསྒྲགས་བྱས་ཏེ་ཚད་གཞིའི་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད། དེས་ན། ལྗང་མདོག་གི་གསར་སྤེལ་བྱེད་སྟངས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ་དང“སྔོག་འདོན་བྱེད་ཀྱིན་སླར་གསོ་བྱེད་པའི”རྩ་དོན་ལག་བསྟར་དང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ཇུས་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་དུས་མཚམས་དང་ས་ཁོངས་དབྱེ་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་སླར་གསོ་བྱས་ཡོད་པ་རེད།
མིག་སྔར། རང་བྱུང་ཐོན་ཁུངས་པུས་རྒྱལ་ཁབ་རིམ་པའི་ལྗང་མདོག་གཏེར་རི་གསར་པ་ཁག་གཅིག་འདེམས་སྒྲུག་རྒྱག་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བཞིན་ཡོད་ཅིང་། དེའི་དམིགས་ཡུལ་ནི་ལྗང་མདོག་གཏེར་རིའི་གཞི་ཁྱོན་སྔར་བས་རྒྱ་སྐྱེད་དང་། ལས་རིགས་སྤྱི་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཆུ་ཚད་མཐོར་གཏོང་། གཏེར་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་བཏང་ནས། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་རམ་འདེགས་བྱ་ཆེད་རེད། གོམ་སྟབས་རྗེས་མར། གཏེར་རིའི་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་གཏེར་རི་གསར་པ་སྐྲུན་པར་ལྗང་མདོག་གཏེར་རིའི་ཚད་གཞི་ལྟར་འཛུགས་སྐྲུན་དང་འཁོར་སྐྱོད་བྱེད་པ་དང་། གཏེར་རི་ནས་གཏེར་ཁ་འདོན་པར་ལྗང་མདོག་ཅན་གྱི་རིམ་སྤོར་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ། འཛུགས་གཏོད་བྱས་མེད་པའི་གཏེར་རིར་སྐུལ་འདེད་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗང་མདོག་གཏེར་རི་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོའི་འོས་འགན་ཡག་པོ་བསྒྲུབས་ཏེ། གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། དེ་དང་དུས་མཚུངས་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཚན་ཁག་གི་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་ཁག་གིས་སྲིད་ཇུས་བཟང་པོ་དང་བྱེད་ཐབས་ཡག་པོ་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་དང་བེད་སྤྱོད་གཏོང་བར་མཛུབ་ཁྲིད་བཅས་བྱས་ཏེ། ས་ཆ་དེ་གར་འཚམ་པའི་གཏེར་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཚོལ་ཞིབ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།