ཁྲེང་ཀོན་ཆུས་ཀྱིས“གློག་སྐུད་གང་བྱུང་ཁྲིད་པའི”སྣང་ཚུལ་དང་གད་སྙིགས་གཙང་འདྲེན་སོགས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་དམིགས་ཏེ།
ནུས་ཤུགས་གནད་སྨིན་བཏོན་ནས་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བ།
2025ལོ་ཚུན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“གློག་སྐུད་ཟང་ཟིང”གི་སྣང་ཚུལ་དང་གད་སྙིགས་གཙང་འདྲེན་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་ནུས་ཤུཌ་གནད་སྨིན་བཏོན་ཏེ་བྱ་ཐབས་རབ་དང་རིམ་པ་སྤྱད་པ་བརྒྱུད། སྡོད་མལ་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་གྲོང་ཁྱེར་དོ་དམ་དེ་བས་ཞིབ་ཚགས་དང་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་སྣང་དོད་དུ་བཏང་ཡོད།
དེ་སྔོན། གློག་སྐུད་གང་བྱུང་དུ་འཁྲིད་པ་ནི་བདེ་འཇགས་དང་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་བཟོ་བའི་གནད་དོན་ཞིག་ཡིན་ཞིང་། ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱིས་རང་འགུལ་ངང་འགན་འཁྲི་ཕྲག་ཏུ་ཁུར་ནས་བཅོས་སྒྲིག་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། འཕྲིན་གཏོང་གཉེར་སྐྱོང་ཀུང་སི་དང་སྦྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་གནད་དོན་1160ལྷག་ཙམ་དག་ཐེར་བྱས་ཏེ་ཞོལ་གྲོང་གསར་ལམ་དང་། གྲྭ་བཞི་གྲོང་གསར་ལམ། ཁུལ་ཆུང་རྙིང་པ་མང་པོ་བཅས་ཀྱི་གློག་སྐུད་ས་འོག་ཏུ་སྦས་རྒྱུའི་སྒྱུར་བཀོད་གཙོ་གནད་ཐོག་ལེགས་གྲུབ་བྱུང་ཡོད། “མདོང་ལམ་དང་གློག་སྐུད་ས་འོག་ཏུ་སྦས་རྗེས། ཁོར་ཡུག་སྐྱ་སངས་སངས་ཆགས་པ་མ་ཟད། སེམས་པའང་སྐྱིད་དུ་ཕྱིན་སོང”ཞེས་གྲོང་མི་ཆོས་བཟང་གིས་བཤད། སྣང་ཚུལ་དེ་རིགས་བསྐྱར་དུ་མི་ཐོན་པ་བྱ་ཆེད། ཁྲེང་ཀོན་ཆུས་ཀྱིས་གསར་གཏོད་ངང་གློག་སྐུད་གསར་པ་འཁྲིད་སྐབས་སྡེ་ཁུལ་ལ་ཐོ་བཀོད་སྙན་སེང་དང་ཨར་སྐྲུན་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་གྱི་ལམ་སྲོལ་བཙུགས་ཏེ། འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱས་ཏེ་བཅོས་སྒྲིག་ཕུགས་ཕན་ཡོང་བར་གཞོལ་ཡོད།
འཚོ་བའི་གད་སྙིགས་གཙང་སེལ་བྱེད་པ་དེ་ནི་ཉིན་རེའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་ཡོད། ཁྲེང་ཀོན་ཆུས་ཁོར་ཡུག་གཙང་སྦྲ་དོ་དམ་ཅུས་ཀྱིས“གྲངས་འབོར་ཉུང་གཏོང་དང་། ཐོན་ཁུངས་ཅན། གནོད་མེད་ཅན”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ་གཙང་འདྲེན་མ་ལག་རྒྱུན་མཐུད་ལེགས་སུ་བཏང་ཡོད། ཚན་རིག་དང་མཐུན་པའི་ངང་ལམ་ཐིག་འཆར་འགོད་དང་ལས་ཐེངས་བབ་བསྟུན་ལེགས་སྒྲིག་བྱས་པ་བརྒྱུད། ནུས་གསར་རླངས་འཁོར་དང་ཁ་ཟུམ་སྒྲིག་ཆས་བེད་སྤྱོད་བཏང་ནས་སྐྱེལ་འདྲེན་བྱེད་རིང་སྦགས་བཙོག་ཐེངས་གཉིས་པ་མི་ཡོང་བ་བྱས་ཡོད། 2025ལོར་ཁྲེང་ཀོན་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་འཚོ་བའི་གད་སྙིགས་ཏུན་ཁྲི་24.31གཙང་འདྲེན་བྱས་ཏེ“ཉིན་རེའི་གད་སྙིགས་ཉིན་དེ་གར་གཙང་སེལ”བྱས་ཡོད། ཚོང་ལས་ཁྲོམ་གཞུང་སོགས་གཙོ་གནད་ས་ཁོངས་ལ་དམིགས་ཏེ་མཚན་མོའི་གཙང་འདྲེན་ལས་སྒྲུབ་ཚོགས་ཆུང་མང་དུ་བཏང་ནས་གད་སྙིགས་ཕུང་གསོག་མི་ཐེབས་པར་བྱས་ཡོད། ཁྲོམ་གཞུང་དང་སྡེ་ཁུལ་གྱི་མཉམ་འགུལ་ཟབ་ཏུ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་རིགས་དབྱེ་དང་། བསྡུ་བ། དབོར་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་སྦྲེལ་མཐུད་ལེགས་སུ་བཏང་ནས་གད་སྙིགས་གཙང་སེལ་བྱེད་པ་དེ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་བཏང་བ་རེད།
ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱི་ཅུས་ཀྲང་ཉི་མ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཁྲེང་ཀོན་ཆུས་ཀྱིས་གཙོ་གནད་དམངས་འཚོའི་འདུ་འགོད་ལག་ལེན་བསྟར་འགོ་བཙུགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མང་ཚོགས་ལ་ཕན་འདོགས་རྒྱུར་ཤུགས་སྣོན་རྒྱག་གི་ཡོད། གྲོང་ཁྱེར་གསར་སྒྱུར་སྤུས་སྤོར་གྱི་འདུ་འགོད་ལག་བསྟར་བྱས་ཏེ་རྡིབ་འགོག་དང་རྐུ་འགོག་སོགས“སྔོན་འགོག་དྲུག”ཐུབ་པའི་ཁྲོན་པའི་ཁེབས་གཅོད་བརྗེ་བ་དང་ཆུ་སིམ་སོ་ཕག་སོགས་གྲོང་ཁྱེར་གྱི་སྒྲིག་བཀོད་ཁ་གསར་དུ་གཏོང་རྒྱུ་རེད། “སེམས་ཁྲལ་ཁྲོམ་གཞུང”90དེ་དག“བློ་བདེའི་ཁྲོམ་གཞུང”ལ་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སྡོད་མལ་ལ་འཚམ་པའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་རེད།
བར་སྣང་ནས་ས་ངོས་བར་དང་ཁྲོམ་གཞུང་ནས་ཁྱིམ་གཞིས་བར། དམ་པ་དོན་གཉེར་གྱི་བཅོས་སྐྱོང་རེ་རེ་ལས་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་གཏོང་བཞིན་ཡོད་པ་རེད། ཁྲེང་ཀོན་ཆུས་ཀྱིས་མུ་མཐུད་ཞིབ་ཕྲའི་བྱ་ཐབས་བརྒྱུད་གངས་ལྗོངས་ས་མཐོའི་སྡོད་མལ་ལ་འཚམ་པའི་ཁོར་ཡུག་བསྐྲུན་ཏེ་དུད་ཚང་ཁྲི་སྟོང་མང་པོའི་སྒོ་འགྲམ་དུ་བདེ་སྐྱིད་མེ་ཏོག་རྒྱུན་མཐུད་བཞད་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།