དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྩོན་འགྲུས་བྲག་ལ་མདའ་ཟུག འབྲས་བུ་ཞིང་ལ་འབྲུ་སྨིན།

    ——བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་70འཁོར་བའི་སྐབས་སུ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྤེལ་བ་རྒན་གྲས་ཨོ་རྒྱན་ཚེ་རིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  གསར་འགོད་པ། དབང་སྒྲོན་སྐྱིད། རིན་ཆེན། བསོད་ནམས་ཆོས་སྐྱིད། ཤེས་རབ་རྡོ་རྗེ།   |     སྤེལ་དུས།  2026-04-29

    འདི་ནི་ཨོ་རྒྱན་ཚེ་རིང་གིས་གསར་འགོད་པར་ཁོང་གིས་བྲིས་གནང་བའི་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོ་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤང་རྒྱན་མེ་ཏོག་སོགས་ཀྱི་དུས་དེབ་དང་ཚགས་པར་དུ་ཨོ་རྒྱན་ཚེ་རིང་གི་གསར་འགྱུར་པར་རིས་དང་། སྒྱུ་རྩལ་པར་རིས། གསར་འགྱུར་རྩོམ་ཡིག་མང་པོ་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་མྱོང་ལ། ལྷག་པར་དུ་པར་རིས་བརྩམས་ཆོས་དག་གིས་ཀློག་པ་པོར་བག་ཆགས་ཟབ་མོ་བཞག་ཡོད། མི་མང་པོ་ཞིག་ལ་ཁོང་ནི་ཆེད་ལས་གསར་འགོད་པ་ཞིག་མིན་ནམ་སྙམ་པའི་ཚོར་སྣང་སྐྱེ་སྲིད་མོད། འོན་ཏེ་ཁོང་ནི་པར་ལེན་པ་དང་གསར་འགྱུར་གྱི་ཆེད་ལས་པ་གང་ཡང་མ་ཡིན་པར་རང་སྦྱོང་ལ་བརྟེན་ནས་པར་རྒྱག་རྩལ་དང་རྩོམ་འབྲི་སྦྱངས་པའི་ལས་ཞོར་འཕྲིན་སྤེལ་བ་ཞིག་རེད།

    དཀའ་བའི་ལ་མོ་མ་བརྒྱབ་ན། བདེ་མོའི་ཐང་ལ་ཇི་ལྟར་སླེབས་ཞེས་པ་བཞིན། རྒན་ཨོ་རྒྱན་ཚེ་རིང་ལའང་གཞོན་ནུའི་དུས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནང་ཞུགས་པ་དང་། དམག་ཞབས་ཐིམ་རྗེས་སློབ་ཆུང་དུ་ཚབ་ཁྲིད་དགེ་རྒན་བྱས་པ་སོགས་ཀྱི་མི་ཚེའི་མྱོང་བརྒྱུད་མང་པོ་ཡོད་ལ། ལས་གནས་འདྲ་མིན་དུ་དཀའ་ངལ་སྣ་ཚོགས་འཕྲད་ཀྱང་ཁོང་གིས་རང་ཉིད་ཀྱི་དགའ་མོས་དང་ཐོག་མའི་བསམ་འདུན་ཡིད་ལ་བཅངས་ནས། ད་ལྟའི་བར་དུ་རང་གི་དགའ་མོས་སུ་གྱུར་པའི་གསར་འགྱུར་དང་སྒྱུ་རྩལ་པར་ལེན་གྱི་བགྱི་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པས། རིམ་གྱིས་ཁོང་ཡང་འཕྲིན་སྤེལ་བ་དཀྱུས་མ་ཞིག་ནས་ད་ལྟ་རྩོམ་འབྲི་དང་པར་རྒྱག་ལ་བྱང་ཆུབ་ཅིང་། དམངས་རྩོམ་བསྡུ་སྒྲིག་དང་རྩོམ་ཡིག་གསར་རྩོམ་ལ་འབད་ནས་གྲུབ་འབྲས་མི་དམན་པ་ཐོབ་མཁན་ཞིག་ཏུ་གྱུར།

    གསར་འགོད་པ། རྒན་ལགས་ཁམས་བཟང་། ད་ལོ་ནི་ངེད་བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་རེད། ལོ་འདི་དག་རིང་རྒན་ལགས་ཀྱིས་ངེད་བོད་ལྗོངས་ཉིན་རེའི་ཚགས་པར་ལ་གསར་འགྱུར་རྩོམ་ཡིག་དང་པར་རིས་བརྩམས་ཆོས་གང་མང་མཁོ་འདོན་གྱིས་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། འདིར་རྒན་ལགས་ཀྱིས་ཁྱེད་རང་གི་སློབ་གསོའི་རྒྱབ་ལྗོངས་དང་། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྤེལ་བར་ཇི་ལྟར་གྱུར་མིན་སྐོར་རགས་ཙམ་གསུང་རོགས།

    ཨོ་རྒྱན་ཚེ་རིང་། ལགས་སོ། ཐུགས་རྗེ་ཆེ། ང་རང་མཚོ་སྨད་རྫོང་སློབ་འབྲིང་ནས་ཐོན་རྗེས། 1982ལོར་བཅིངས་འགྲོལ་དམག་ནང་ཞུགས་ཤིང་། ལྷོ་ཁ་སྣ་དཀར་རྩེ་རྫོང་མི་དམངས་དྲག་ཆས་པུའུ་རུ་མངགས་བྱུང་། དེ་དུས་ལོ་བཅུ་དགུ་ཙམ་ཡིན་ལ། དཔུང་སྡེའི་ནང་ལོ་གསུམ་བསྡད་པ་ཡིན། དམག་ཞབས་ཐིམ་རྗེས་ཕ་ཡུལ་དུ་ལོག་ནས་མཚོ་སྨད་སློབ་ཆུང་དུ་ཚབ་ཁྲིད་དགེ་རྒན་བྱས་པ་ཡིན། དེ་ནས་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གི་ལས་མི་བསྡུ་བའི་ཡིག་རྒྱུགས་འཕྲོད་ནས་རྒན་ཡོལ་མ་ཞུས་བར་དུ་དེ་གར་ལས་ཀ་བྱས་ནས་བསྡད་པ་ཡིན། ང་རང་དྲག་ཆས་པུའུ་རུ་སླེབས་རྗེས་དམག་སྦྱོང་གཙོས་པའི་ཕྱོགས་ཡོངས་ལ་འབད་བརྩོན་བྱེད་ཞོར་བོད་ཡིག་མུ་མཐུད་སྦྱངས་པ་ཡིན། གནས་ཚུལ་དེ་དཔུང་སྡེའི་འགོ་ཁྲིད་ཀྱིས་ཤེས་ནས་ངར་མུ་མཐུད་བོད་ཡིག་གི་ཚུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་ཡང་ཡང་གནང་བྱུང་། ཁོང་རྣམ་པའི་རྒྱབ་སྐྱོར་དང་ཐུགས་ཁུར་འོག ངས་བརྩོན་འགྲུས་ཀྱི་རྟ་ཕོ་ལྕག་གིས་ཡང་ཡང་བྲབས་ནས་བོད་ཡིག་གི་རྨང་གཞིའི་ཤེས་བྱ་ནས་འགོ་བརྩམས་ཏེ་སྦྱངས་བརྩོན་བྱེད་འགོ་བརྩམས་པ་ཡིན། སྐབས་དེ་དུས་འཚོ་བའི་ཆ་རྐྱེན་ཞན་པས། བོད་ལྗོངས་ཉིན་རེའི་ཚགས་པར་ནི་ངའི་བསླབ་གཞི་ལྟ་བུར་གྱུར་སོང་། ངས་ཚགས་པར་གྱི་གསར་འགྱུར་སྣ་ཚོགས་དང་རྩོམ་རིག་པར་ངོས་སོགས་ནས་ཐ་སྙད་དང་གཏམ་དཔེ་སོགས་རེ་རེ་བཞིན་རང་བློར་ངེས་གང་ཐུབ་བྱས་པ་དང་། གསར་འགྱུར་རྩོམ་ཡིག་ཇི་ལྟར་འབྲི་མིན་སོགས་ལ་ཉམས་ཞིབ་ཧུར་ཐག་བྱས་པ་ཡིན། ཚགས་པར་གྱི་གསར་འགྱུར་དང་རྩོམ་རིག་བརྩམས་ཆོས་དག་མཐོང་དུས། གལ་ཏེ་ང་རང་གིས་ཀྱང་གསར་འགྱུར་རྩོམ་ཡིག་གི་འབྲི་ཐབས་འདི་འདྲར་བརྟེན་ནས་ཉེ་འགྲམ་གྱི་དོན་སྙིང་ལྡན་པའི་གནས་ཚུལ་དག་ཚགས་པར་དུ་འགོད་ཐུབ་ན་ཅི་མ་རུང་ཨང་སྙམ་སྟེ། རང་གིས་ཀྱང་གསར་འགྱུར་བརྩམས་ཆོས་མང་པོ་བྲིས་ནས་བོད་ལྗོངས་ཉིན་རེའི་ཚགས་པར་དུ་བསྐུར་བ་ཡིན། མ་གཞི་དུས་ཡུན་ངེས་ཅན་ཞིག་ནང་ངས་བྲིས་པའི་གསར་འགྱུར་ཚགས་པར་དུ་འགོད་སྐལ་མ་བྱུང་མོད། ངའི་བསམ་པར་ཕལ་ཆེར་ང་རང་གི་ཆུ་ཚད་དམའ་བས་རེད་སྙམ་ནས། མུ་མཐུད་དེ་གསར་འགྱུར་བརྩམས་ཆོས་མང་པོ་ཚོད་ལྟའི་ཚུལ་དུ་བྲིས་ནས་ཞུ་དག་ཡང་ཡང་བཏང་མཐར། བསམ་ཡུལ་འདས་པ་ཞིག་ལ། 1982ལོའི་ཟླ་5པར་ངའི་གསར་འགྱུར་རྩོམ་ཡིག་དང་པོ་དེ་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་འགོད་ཐུབ་སོང་། དེས་ངར་སྒུལ་ཤུགས་ཆེན་པོ་སྤྲད་བྱུང་།

    གསར་འགོད་པ། ཞོགས་པ་སྔ་པོ་འདི་འདྲར་རྒན་ལགས་ཀྱི་གཟིམ་ཁང་ནས་དེ་རིང་གི་བོད་ལྗོངས་ཉིན་རེའི་ཚགས་པར་མཐོང་རྒྱུ་འདུག རྒན་ལགས་ཀྱིས་བོད་ལྗོངས་ཉིན་རེའི་ཚགས་པར་ཐེངས་དང་པོ་གཟིགས་དུས་ག་དུས་ཡིན་ནམ།

    ཨོ་རྒྱན་ཚེ་རིང་། རེད། འདི་ནི་དེ་རིང་གི་བོད་ལྗོངས་ཉིན་རེའི་ཚགས་པར་རེད། འཕྲིན་སྤེལ་བ་ཞིག་ཏུ་གྱུར་རྗེས། ངས་རྟག་པར་ཚགས་པར་མངགས་ཉོ་བྱེད་ཀྱི་ཡོད། ཚགས་པར་འགོ་ནས་མཇུག་བར་ཐེངས་རེ་ཀློག་རྒྱུ་ནི་ངའི་གྲུབ་ཆ་གལ་ཆེན་ཞིག་དང་འཚོ་བའི་གོམས་གཤིས་སུ་གྱུར་ཟིན། ཚགས་པར་ཐོག་མར་མཐོང་དུས་ང་རང་ལྷོ་ཁ་སྣ་དཀར་རྩེ་རྫོང་མི་དམངས་དྲག་ཆས་པུའུ་རུ་ཡོད། སྐབས་དེའི་མི་དམངས་དྲག་ཆས་པུའི་པུའུ་ཀྲང་རྒན་ཕུར་བུ་ལགས་རེད། རྒན་ལགས་བཀའ་དྲིན་ཆེན་པོ་ཡིན། རྒན་ལགས་ཀྱིས་ངར་ཁྱེད་རང་དམའ་འབྲིང་ཐོན་པ་ཡིན་པས་རིག་གནས་ཤེས་བྱའི་རྨང་གཞི་ངེས་ཅན་ཡོད་ངེས་རེད། མུ་མཐུད་རིག་གནས་ཤེས་བྱ་སྦྱོང་བར་བརྩོན་དགོས་ལ། བོད་ལྗོངས་ཉིན་རེའི་ཚགས་པར་སོགས་སུ་རྩོམ་བསྐུར་ཐུབ་ན་བོད་ཡིག་གི་ཆུ་ཚད་མཐོ་རུ་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པའི་སྐུལ་ལྕག་གནང་བྱུང་། དེ་ནས་བཟུང་བོད་ལྗོངས་ཉིན་རེའི་ཚགས་པར་ངོ་ཤེས་པ་རེད་ལ་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་ངོས་ཀྱང་དངོས་སུ་མཐོང་བྱུང་། རྩོམ་ཡིག་མང་པོ་ཡང་བསྐུར་བ་ཡིན། ངའི་རྩོམ་ཡིག་དང་པོ་དེ་ཚགས་པར་ཐོག་འགོད་པའི་བར་ལོ་དང་ཟླ་བ་མང་པོ་སོང་ནའང་། སྐྱེས་པའི་མི་ལ་མིང་དང་། བྱས་པའི་ལས་ལ་རྗེས་དགོས་ཞེས་པ་བཞིན། ངས་སེམས་ཤུགས་མ་ཉམས་པར་རྩོམ་འབྲིའི་ལས་ལ་འབད་པ་ཡིན། མཐར་བརྩོན་པའི་ལས་ལ་རེ་བའི་འབྲས་བུ་སྨིན་ནས་ངའི་རྩོམ་ཡིག་ཚགས་པར་ཐོག་བཀོད་ཐུབ་བྱུང་ལ། ང་དང་བོད་ལྗོངས་ཉིན་རེའི་ཚགས་པར་དབར་ལའང་ལས་འཕྲོའི་མདུད་པ་ཐེབས་སོང་།

    གསར་འགོད་པ། རྒན་ལགས་ཀྱིས་ང་ཚོའི་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་རྩོམ་ཡིག་དང་པོ་དེ་ག་དུས་སྤེལ་བ་ཡིན་ནམ།

    ཨོ་རྒྱན་ཚེ་རིང་། ལགས་སོ། དེ་ཡག་པོ་དྲིས་སོང་། གཟིགས་དང་། ངས་ཚགས་པར་དེ་ད་ལྟའི་བར་དུ་ཉར་ཚགས་བྱས་ཡོད། རྩོམ་ཡིག་དང་པོ་དེ་1983ལོའི་ཟླ་ལྔ་པའི་ཚེས་3ཉིན་སྤེལ་བ་རེད། ཁ་བྱང་ལ《སྣ་དཀར་རྩེ་ཆུས་ཀྱིས་ཧྲེ་ཡོན་ལ་འཚོ་བ་གོང་འཕེལ་གཏོང་རྒྱུའི་ཐབས་ལམ་བཙལ་འཚོལ་བྱེད་རོགས་བྱས་པ》ཟེར། དེ་ངའི་གསར་འགྱུར་བརྩམས་ཆོས་ཀྱི་ཕུད་ཡིན། དེས་ངར་སྒུལ་ཤུགས་ཆེན་པོ་སྤྲད་བྱུང་ལ། རྩོམ་ཡིག་འབྱོར་བའི་ཉིན་གྱི་དགོང་མོ་དེར་ང་རང་དགའ་དྲགས་ནས་གཉིད་ཀྱང་ཁུག་མ་བྱུང་། བརྗོད་མི་ཤེས་པའི་ཚོར་སྣང་སྐྱིད་པོ་ཞིག་བྱུང་། ང་ལ་མཚོན་ན་རང་གི་བརྩམས་ཆོས་ཤིག་ཚགས་པར་དུ་བཀོད་ཐུབ་ན། དེ་ལ་རང་གི་ཤ་ནས་བཅད་པའི་ཕྲུ་གུ་ལྟར་གྱི་བརྩེ་བ་ཟབ་མོ་ཆགས་ཀྱི་འདུག

    གསར་འགོད་པ། རྩོམ་ཡིག་དང་པོ་དེ་ཚགས་པར་ཐོག་བཀོད་རྗེས་རྒན་ལགས་ལ་མྱོང་ཚོར་གང་འདྲ་བྱུང་ངམ།

    ཨོ་རྒྱན་ཚེ་རིང་། རྩོམ་ཡིག་དེ་དང་པོ་མཐོང་དུས་ང་རང་དེ་ཙམ་ཡིད་ཆེས་མ་བྱུང་། ཡིན་ནའང་ནང་དོན་ཞིབ་ཏུ་ཐེངས་གཅིག་བཀླགས་རྗེས་ང་རང་གི་རྩོམ་ཡིན་པ་གཏན་འཁེལ་ཐུབ་བྱུང་། རྒན་ལགས་རྣམ་པས་བཟོ་བཅོས་ཐེངས་མང་བསྐྱོན་པའི་བཀའ་དྲིན་ལས་ངས་ཚགས་པར་ཐོག་རྩོམ་ཡིག་འགོད་ཐུབ་པ་བྱུང་བ་རེད། དེ་ནས་བཟུང་། ངས་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གསར་འགྱུར་རྩོམ་ཡིག་དང་པར་རིས་རྩོམ་ཡིག་མང་ཙམ་འགོད་རྒྱུའི་སེམས་ཐག་བཅད་པ་ཡིན་ལ། མུ་མཐུད་འཕྲིན་སྤེལ་བའི་ལས་ཀ་ཧུར་ཐག་བྱེད་འདོད་ཀྱི་སེམས་ཤུགས་འཕེལ་བ་མ་ཟད་ཆོད་སེམས་ཀྱང་བརྟན་དུ་ཕྱིན་སོང་།

    གསར་འགོད་པ། རྒན་ལགས་ཀྱིས་ད་བར་དུ་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་རྩོམ་ཡིག་ག་ཚོད་སྤེལ་མྱོང་ངམ།

    ཨོ་རྒྱན་ཚེ་རིང་། བོད་ལྗོངས་ཉིན་རེའི་ཚགས་པར་དང་ལས་འཕྲོའི་མདུད་པ་ཐེབས་ནས་ད་བར་དུ་གསར་འགྱུར་རྩོམ་ཡིག་500ལྷག་ཙམ་དང་། པར་རིས་800ལྷག་ཙམ། རྩོམ་རིག་བརྩམས་ཆོས་100ལྷག་ཙམ་སྤེལ་མྱོང་། མ་གཞི་ཐོག་མར་སྤེལ་བ་ནི་གསར་འགྱུར་ཤ་སྟག་ཡིན་མོད། རིམ་གྱིས་ཚགས་པར་གྱི་དགོས་མཁོར་གཞིགས་ནས་ངས་པར་རྒྱག་སྟངས་སྦྱངས་པ་ཡིན། དེ་ནས་དམངས་སྒྲུང་བསྡུ་སྒྲིག་དང་བྱིས་སྒྲུང་གསར་རྩོམ་བྱེད་འགོ་བརྩམས་པ་ཡིན། དེ་དག་ཚང་མ་ཚགས་པར་ལས་ཁུངས་ཀྱི་བཀའ་དྲིན་ཡིན། ངའི་བསམ་པར་ང་རང་འཕྲིན་སྤེལ་བ་ཞིག་ཡིན་པའི་ངོས་ནས། གལ་ཏེ་ངས་གསར་འགྱུར་དང་རྩོམ་རིག་བརྩམས་ཆོས་ཧུར་ཐག་བྲིས་ཚེ། ང་རང་ལ་རྩོམ་འགོད་སའི་གར་སྟེགས་ཡག་པོ་ཞིག་ཡོད་པས། བྱས་པ་ཆུད་ཟོས་སུ་འགྲོ་མི་སྲིད་སྙམ་བྱུང་།

    གསར་འགོད་པ། རྒན་ལགས་ཁྱེད་རང་གི་ངོས་ནས་བརྗོད་ན་རང་ཉིད་ཀྱི་བརྩམས་ཆོས་ཡག་ཤོས་དེ་གང་ཡིན་ནམ།

    ཨོ་རྒྱན་ཚེ་རིང་། དེ་ངའི་གསར་འགྱུར་རྩོམ་ཡིག་གི་ཕུད་ལྟ་བུའི་རྩོམ་ཡིག་དང་པོ་དེ་ཡིན། མ་གཞི་རྩོམ་དེའི་ནང་དོན་ཡག་ཤོས་མིན་ཡང་རྩོམ་ཡིག་དེ་ནི་ང་རང་གི་བརྩམས་ཆོས་ཐོག་མ་ཡིན་པའི་ཆ་ནས་དེར་དོན་སྙིང་ཆེན་པོ་ལྡན་པས། རིམ་གྱིས་ང་རང་དགའ་ཤོས་བྱེད་སའི་བརྩམས་ཆོས་ཤིག་ཏུ་མཐོང་ཞིང་། དེ་ནི་ངའི་མི་ཚེའི་ཁ་ཕྱོགས་གཏན་འཁེལ་དང་མདུན་ལམ་གསལ་སྟོན་གྱི་སྒྲོན་མེ་ལྟ་བུ་ཡིན་པས། རྩོམ་ཡིག་དེར་རང་གི་ཕྲུ་གུ་ནང་བཞིན་གྱི་བརྩེ་བ་ཟབ་མོ་ཡོད། བྱས་ཙང་རྩོམ་ཡིག་དང་པོ་དེ་ངའི་ངོས་ནས་བརྗོད་ན་བརྩམས་ཆོས་ཡག་ཤོས་དེ་ཡིན་སྣང་ཤར།

    གསར་འགོད་པ། དེ་གོང་དང་བསྡུར་ན་བོད་ལྗོངས་ཉིན་རེའི་ཚགས་པར་ལ་འགྱུར་ལྡོག་གང་འདྲ་བྱུང་འདུག་གམ།

    ཨོ་རྒྱན་ཚེ་རིང་། ཕྱོགས་མང་པོ་ནས་འགྱུར་ལྡོག་ཆེན་པོ་བྱུང་འདུག དང་པོ་ཚོན་མདོག་ནས་བརྗོད་ན་དེ་སྔའི་ཚོན་མདོག་མེད་པ་ནས་ད་ལྟ་ཚོན་ཁྲ་ཅན་དུ་གྱུར་ཡོད་པ་དང་། གཉིས་ནས་ནང་དོན་ཕུན་སུམ་ཇེ་ཚོགས་དང་སྤུས་ཚད་ཇེ་ལེགས། མྱུར་ཚད་ཇེ་མགྱོགས་སུ་ཕྱིན་འདུག དེ་གོང་ཡིན་ན་པར་ངོས་གཅིག་ལ་ནང་དོན་ཆེ་བ་ལྔ་དྲུག་ལས་མེད། ད་ལྟའི་ངོས་ནས་བརྗོད་ན་རྩོམ་རིག་གཅིག་པུར་ཡང་ལེ་ཚན་ལྔ་དྲུག་ཙམ་འདུག་ལ། ཐུན་མོང་མ་ཡིན་པའི་ལེ་ཚན་ཡོངས་བསྡོམས་ན་ཉི་ཤུ་རྩ་གྲངས་འདུག གསུམ་ནས་པར་ངོས་ཀྱི་ངོས་ནས་བརྗོད་ནའང་དེ་སྔ་ཡིན་ན་པར་ངོས་བཞི་ལས་མེད། ད་ལྟ་ཡིན་ན་པར་ངོས་བཞི་ནས་བརྒྱད། བཅུ་གཉིས། མཚམས་རེ་བཅུ་དྲུག་ཀྱང་ཐོན་གྱི་འདུག་པས། ནང་དོན་གྱི་ཟབ་ཚད་དང་འབོར་ཚད་སོགས་གང་གི་ངོས་ནས་བརྗོད་ནའང་སྔོན་མ་ལས་འགྱུར་ལྡོག་ཆེན་པོ་བྱུང་འདུག

    གསར་འགོད་པ། བོད་ལྗོངས་ཉིན་རེའི་ཚགས་པར་བཏོན་ནས་ལོ་ངོ་བདུན་ཅུ་འཁོར་བའི་མཚམས་འདིར། འཕྲིན་སྤེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་རྒན་ལགས་ཁྱེད་ནས་ལོ་ཆུང་འཕྲིན་སྤེལ་བ་དག་ལ་དྲན་སྐུལ་དང་གསུང་འདོད་པའི་བཀའ་མོལ་གང་ཡོད་དམ།

    ཨོ་རྒྱན་ཚེ་རིང་། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་འཕྲིན་སྤེལ་བ་བྱས་པའི་ངའི་ལས་ཀའི་ཉམས་མྱོང་ནས་བརྗོད་ན། འཕྲིན་སྤེལ་བ་ཞིག་ཡིན་ཚེ་ཐོག་མར་ལས་ཀ་གང་དེར་དགའ་ཞེན་ཆེན་པོ་ཡོད་དགོས། དེ་གཙོ་བོ་རེད། དགའ་ཞེན་ཡོད་ན་ལས་ཀ་ཅི་ཞིག་སྒྲུབ་རུང་ལུས་སེམས་གཉིས་ཀར་དཀའ་ལས་ཆེན་པོ་མེད། དེ་ནས་གསར་འགྱུར་གྱི་ཚོར་སྣང་སྐྱེན་པོ་ཡོད་དགོས། རྒྱུན་གཏན་གྱི་ལས་ཀ་དང་འཚོ་བའི་ཁྲོད་ནས་རིན་ཐང་ལྡན་པའི་གསར་འགྱུར་གྱི་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། ལམ་སེང་ཡིག་ཐོག་ཏུ་འབེབས་ཐུབ་པ་དང་དུས་ཐོག་ཏུ་སྤེལ་ཐུབ་པའི་འཇོན་ཐང་ལྡན་དགོས། དེ་ནས་ལོ་ཆུང་འཕྲིན་སྤེལ་བར་མཚོན་ན་སྔོན་མ་ནང་བཞིན་པར་རྒྱག་ཤེས་པ་ཙམ་གྱིས་མི་ཆོག་པས། སྨྱན་སྦྱོར་གསར་པའི་ལག་རྩལ་དཔེར་ན་བརྙན་ཐུང་དང་པར་རིས་སྒྲིག་བཟོ་སོགས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་ཀྱི་འདུག་སྙམ། མདོར་ན། འཕྲིན་སྤེལ་བའི་ལས་ཀར་ཞུགས་རྗེས། རང་ཉིད་ནི་མཐོང་ཚོར་སྐྱེན་པ་དང་ག་ས་གང་དུ་འགྲོ་བར་དགའ་མཁན་ཞིག་ཏུ་གྱུར་སོང་། མ་གཞི་ད་ལྟ་ང་རང་རྒན་ཡོལ་ཞུས་ཟིན་ཡང་། གསར་འགྱུར་ལྟ་ཀློག་དང་གསར་འགྱུར་འགོད་སྤེལ་བྱེད་པ་ནི་ངའི་རྒྱུན་གཏན་གྱི་ལས་ཀ་ཞིག་ཏུ་གྱུར་ཟིན་པས། རང་གི་མི་ཚེར་དོན་སྙིང་ཆེན་པོ་ཡོད་པའི་སྣང་བ་ཡོང་གི་འདུག བྱས་ཙང་། དེ་ནི་རྒྱུན་སྐྱོང་རིན་ཡོད་པའི་ལས་ཀ་ཞིག་རེད་བསམ་གྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།